དམར་ཤོག་མི་རབས་གཉིས་པས་རྒྱ་ནག་དམར་ཤོག་གི་བསམ་བློའི་འཁྱེར་བཟོ་འདོར་བ།

རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་མའོ་ཙེ་ཏུང་གི་བློས་ཐུབ་གྲོགས་པོ་དང་སྲིད་བློན་གཞོན་པ་ཟུར་པ་ལཱོ་རུན་ཆིན་གྱི་བུ་ལཱོ་ཡུ་ཡིས་དེ་སྔར་རྒྱ་ནག་སྤྱི་ཁྱབ་དྲག་ཇུས་ལས་ཁུངས་སུ་ཕྱག་ལས་གནང་ཞིང་མདའ་དཔོན་གྱི་དམག་གི་གོ་གནས་ཐོབ། དྲུག་བཞིའི་དོན་རྐྱེན་རྗེས་རྒྱ་ནག་དམག་ཁོངས་ཀྱི་རུལ་སུངས་ནང་དུ་ངན་པ་ལག་འབྲེལ་བྱ་མ་འདོད་པར་རྒྱ་ནག་དམར་ཤོག་ཚོགས་པ་དང་ཁ་བྲལ་ཏེ་ཕྱི་རྒྱལ་དུ་འབྱོར། མི་རིང་བའི་སྔོན་ཁོང་གིས་སྲིད་འཛིན་ཞི་ཅིན་ཕིང་ལ་ཕུལ་བའི་ཡོངས་གྲགས་ཀྱི་འཕྲིན་ཡིག་ཅིག་བྲིས་ཏེ། སྲིད་དབང་སྒེར་གཅོད་ལམ་ལུགས་མཇུག་བསྡུས་ཏེ་མང་གཙོའི་ལམ་དུ་བསྐྱོད་དགོས་པའི་འབོད་སྐུལ་བྱས། ཉེ་ཆར་ཕྱིའི་བརྒྱུད་ལམ་ཁག་ཅིག་གིས་ལཱོ་ཡུ་ལ་བཅར་འདྲི་བྱས་པའི་ཚན་པ་ཁག་ཅིག་ལས། འདིར་སྔོན་མའི་འཕྲོས་ཀྱི་མུ་འབྲེལ་ལེའུ་བཞི་པའི་ནང་ལཱོ་ཡུ་ཡིས་དམག་གི་གོ་ས་དང་རྒྱུ་ནོར་གྱི་མདུན་ལམ་རྒྱང་དུ་བསྐྱུར་ཏེ་མི་སེར་དཀྱུས་མ་ཞིག་ཏུ་གྱུར་པའི་སྐོར་བཤད་པ་དང་། ད་དུང་དམར་ཤོག་མི་རབས་གཉིས་པ་གཞན་དག་ལའང་དམར་ཤོག་ཚོགས་མི་ནས་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་བྱས།
བཅར་འདྲི་ལེའུ་དང་པོ། ཞི་ལ་གོ་གནས་ཐོབ་པའི་གསང་བ་དང་པའོ་ཚང་ཕ་བུའི་གདོང་རིས་ངོ་མ།
བཅར་འདྲི་ལེའུ་གཉིས་པ། དཔོན་གནས་ཉོ་ཚོང་ནི་ཧུ་དུས་སྐབས་མཇུག་བསྡུ་བའི་མཚོན་རྟགས་སུ་གྱུར།
བཅར་འདྲི་ལེའུ་གསུམ་པ། སུས་ཞི་ཅིན་ཕིང་ལ་རྙོག་གྲ་བཟོ་བཞིན་ཡོད་དམ།
བཅར་འདྲི་ལེའུ་བཞི་པ། དམར་ཤོག་མི་རབས་གཉིས་པས་རྒྱ་ནག་དམར་ཤོག་གི་བསམ་བློའི་འཁྱེར་བཟོ་འདོར་བ།
གསར་འགོད་པ། རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཀྱི་བུ་དང་དམར་ཤོག་མི་རབས་གཉིས་པ་ཞིག་ཡིན་པའི་ཆ་ནས། ཁྱོད་རྒྱ་ནག་སྐམ་ས་དང་ཁ་བྲལ་བ་མ་ཟད་ལས་གནས་ནས་རྩ་དགོངས་ཞུས་པ་དང་། སྐབས་དེར་ཁྱོད་མཁའ་དམག་གོ་ལག་ཁང་གི་འགན་འཛིན་གྱི་གོ་གནས་ཐོག་སླེབས་ཡོད། གལ་ཏེ་སྐབས་དེའི་གོ་གནས་ཐོག་ནས་མུ་མཐུད་དུ་ད་ལྟའི་བར་ཡོང་ཡོད་ན། མ་མཐའ་ཡང་སྤྱི་ཁྱབ་འགན་འཛིན་གཞོན་པ་དང་དམག་ཁུལ་གྱི་དམག་དཔོན་ལྟ་བུའི་གོ་གནས་ཐོག་སླེབས་ཡོད་རྒྱུ་རེད། ད་ལྟ་ཁྱོད་ལ་འགྱོད་པ་འདུག་གམ།
ལཱོ་ཡུ། འགྱོད་པ་མེད། འགྱོད་པ་གཏན་ནས་མེད། མ་མཐའ་ཡང་སྲོག་འགོ་ཐོན་ཙམ་བྱུང་། མི་ལ་རང་དོར་གཞན་བསྟུན་དགོས་མཁོ་ཡོད་པའི་སྐབས་སུ་ངེས་པར་རང་དོར་གཞན་བསྟུན་བྱེད་དགོས། ཡིན་ནའང་ང་རང་དོར་གཞན་བསྟུན་བྱེད་ཤེས་མཁན་ཞིག་མིན། ཁྱོད་ཀྱིས་བཤད་པར་ལྟར་གོ་གནས་དེ་ལྟ་བུའི་སླེབས་ཡོད་སྲིད་ཀྱང་། ངའི་ངོས་ནས་བཤད་ན་ཁྱད་པར་གང་ཡང་མི་འདུག མ་ཟད་དོན་དངོས་སུ་ཡང་ང་སྔོན་ནས་རྒས་ཡོལ་བྱས་ཟིན།
གསར་འགོད་པ། ཁྱོད་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་བློས་བཏང་སྟེ་ཁོར་ཡུག་དེ་དང་ཁ་བྲལ་བའི་རྗེས། ཁྱོད་ཀྱི་ཁྱིམ་ཚང་དང་ཁྱོད་མི་སྒེར་ལ་ཤུགས་རྐྱེན་གང་འདྲ་ཐེབས་སོང་།
ལཱོ་ཡུ། ཏིན་ཞའོ་ཕིང་དང་ཡཱང་ཧྲང་ཁུན་གཉིས་ལ་ཕོག་ཐུག་ཡོད་པ་ཨ་ཅང་ཅང་། ཁོང་ཚོས་ངའི་རྒས་ཡོལ་གྱི་ཐོབ་ཐང་ཆ་ཚང་འཕྲོག་སྟེ་ང་ལ་གང་ཡང་སྤྲད་མེད། ད་ལྟ་ང་ངའི་བུ་དང་ནང་མི་གྲོགས་པོ་སོགས་ལ་བསྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད། གང་ལྟར་ངས་རྒྱ་ནག་དམར་ཤོག་ཚོགས་པར་ཏོག་ཙམ་ཡང་བསྟེན་མེད།
རྒྱ་ནག་དམར་ཤོག་ཚོགས་པ་དང་ཁ་གྱེས་པའི་བསམ་བློའི་འཁྱེར་བཟོ།
གསར་འགོད་པ། ཁྱོད་ལ་འགྱུར་ལྡོག་ཐེབས་པའི་ཕྱོགས་ཀྱི་རྒྱུད་རིམ་དང་རང་ངོ་ཟིན་པའི་རྒྱུད་རིམ་ཞིབ་ཕྲ་ཙམ་གསུངས་ན་འགྲིག་གམ།
ལཱོ་ཡུ། སྐབས་དེའི་དབང་འཛིན་པ་ཏིན་ཞའོ་ཕིང་དང་ཡཱང་ཧྲང་ཁུན་སོགས་ཀྱིས་ལྕགས་འཁྲབ་འཁོར་ལོ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བསྐོར་བ་དེས། ངས་རྒྱ་ནག་དམར་ཤོག་ཚོགས་པར་འཛིན་པའི་རེ་བ་རྩ་བ་ནས་བརླགས་སོང་།
དྲུག་བཞི་དོན་རྐྱེན་གྱི་སྔོན་དུ་ཏིན་ཞའོ་ཕིང་དང་ཡཱང་ཧྲང་ཁུན་སོགས་དང་ལྟ་ཚུལ་མི་མཐུན་པ་ཅུང་ཟད་ཡོད། དེ་ཡང་དམག་དཔུང་གིས་ཚོང་ལས་གཉེར་མི་རུང་བ་དང་། གཉིས་ནས་ཁོང་གཉིས་ཀྱི་ཉེ་འབྲེལ་གྱིས་བར་ནས་ཁེ་སོང་ཟ་བ་བཞིན་པ་ཤེས་རྟོགས་བྱུང་བར་བརྟེན། ཁོང་སོགས་ལ་བསམ་འཆར་ཅུང་ཟད་ཡོད། ཡིན་ནའང་ལྟ་ཚུལ་མི་མཐུན་པ་དེ་ནི་སློབ་ཕྲུག་དམར་གསོད་བཏང་པ་ནང་བཞིན་ཆེན་པོ་མིན།
སྤྱིར་ཡིན་ན་གཞུང་དྲང་དཔོན་པོས་རུལ་སུངས་ཀྱི་དཔོན་པོ་གཙང་དག་བྱེད་སྲོལ་ཡོད་ཀྱང་། སྐབས་དེ་ནས་བཟུང་སྟེ་རུལ་སུངས་ཀྱི་དཔོན་པོས་གཞུང་དྲང་དཔོན་པོ་གཙང་དག་བྱེད་པའི་འགོ་བཙུགས་པ་དང་། ང་ཚོ་ཚང་མས་ལྐོག་ཟ་རུལ་སུངས་བྱེད་བཞིན་ཡོད་ལ། གལ་ཏེ་ལྐོག་ཟ་མ་བྱས་ན་རྒྱུན་ལྡན་མིན་པ་ལྟ་བུ་ཞིག་ཏུ་གྱུར།
གསར་འགོད་པ། དོན་དག་དེ་དག་བརྒྱུད་དེ་ཁྱོད་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་གདུག་རྩུབ་ངོ་ཤེས་པ་དང་། མེ་མདའ་ཡིས་མི་དམངས་དང་སློབ་ཕྲུག་ལ་ཁ་གཏད་གཅོག་པ་རེད།
ལཱོ་ཡུ། རེད། དེ་ནི་དང་ལེན་བྱ་ཐབས་བྲལ་བའི་དོན་དག་ཅིག་རེད། སློབ་ཕྲུག་ཐོག་དྲག་ཤུགས་སྤྱོད་དེ་བཙན་གནོན་བྱ་བར་ངོ་རྒོལ་བྱེད་མཁན་གྱི་ནང་དུ་མི་ཆེན་པོའང་ཡོད་ལ། ད་དུང་དམག་དཔོན་ལྔ་ཡིས་གོང་རིམ་ལ་འཕྲིན་ཡིག་ཕུལ་ཡོད་ཀྱང་། དངོས་སུ་དྲག་གནོན་བྱས་ཚར་པའི་རྗེས་ཁོང་ཚོས་ཁ་གྲག་མེད། དེའི་ཁྲོད་དྲག་ཤུགས་སྤྱོད་པར་འདོད་མོས་མེད་མཁན་གྱི་དམག་སྤྱི་ཆེན་མོ་གཉིས་ཡོད།
གསར་འགོད་པ། དེར་བརྟེན་སྐབས་དེར་ཁྱོད་ཀྱིས་ཁོང་ཚོ་དང་མཉམ་དུ་ངན་པ་ལག་འབྲེལ་གཏན་ནས་བྱ་མི་རུང་བའི་ངེས་ཤེས་རྙེད་པ་རེད་དམ།
ལཱོ་ཡུ། དེ་འདྲ་རེད། གང་ལྟར་ང་ལ་དམག་ཆས་འདི་གོན་མི་རུང་བའི་སེམས་ཚོར་བྱུང་། གལ་ཏེ་དད་འདུན་ཡོད་མཁན་གྱི་མི་ཞིག་དང་སྤྱོད་ལམ་ཡོད་མཁན་གྱི་མི་ཞིག་བྱ་བསམ་པ་ཡིན་ན། དམག་མི་ཅི་ལྟར་བྱ་ཐུབ་བམ།
བཟང་སྤྱོད་དང་དད་འདུན་གྱི་ཕོངས་པའི་རྒྱ་ནག་དམར་ཤོག་ཚོགས་པ།
གསར་འགོད་པ། གོང་དུ་ཁྱོད་ཀྱིས་རྒྱ་ནག་གིས་ག་ས་གང་དུ་སྐྱག་རྫུན་བཤད་པ་ཚུད་པའི་རྫུན་བཟོ་ཡིས་ཁེངས་ནས་ཡོད་ཚུལ་གསུངས་སོང་། ཁྱོད་ཀྱིས་དཔེ་དེབ་ནང་དུའང་རྒྱ་ནག་མི་མང་གིས་སྐྱག་རྫུན་ཁྲོད་མི་ལོ་ལྔ་བཅུ་དྲུག་བཅུའི་རིང་འཚོ་བ་སྐྱེལ་པ་རེད་ཅེས་བྲིས་འདུག དེའི་ཕྱོགས་མུ་མཐུད་དུ་གཏིང་ཟབ་ཙམ་གླེང་ན་འགྲིག་གམ།
ལཱོ་ཡུ། སྐྱག་རྫུན་དེ་ནི་༤༩ ལོའི་རྗེས་སུ་མང་ནས་མང་དུ་ཕྱིན་པ་དང་། ལེགས་བཅོས་གཡས་ཐལ་ལ་རྒོལ་བའི་ལས་འགུལ་ནས་འགོ་བཙུགས་ཏེ་མདུན་མཆོང་ཆེན་མོ་དང་། རིག་གནས་གསར་བརྗེ་ཆེན་མོ་སོགས་རེ་རེ་བརྒྱུད་དེ་སྐྱག་རྫུན་མང་ནས་མང་དུ་ཕྱིན་ཡོད།
ཏིན་ཞའོ་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སྐྱག་རྫུན་བཤད་པ་གཅིག་པུ་མ་ཡིན་པར་རྫུན་བཟོ་བྱེད་པའི་འགོ་བཙུགས་ཡོད། རྫུན་མ་མེད་པ་གཅིག་ཀྱང་མེད། ཆང་རྫུན་དང་དུད་རྫུན་གཙོས་པའི་ག་ས་གང་དུ་ཅ་དངོས་རྫུན་མས་ཁེངས་ཡོད། ད་ལྟ་རྒྱལ་ནང་གི་སྔོ་ཚལ་ཁྲོམ་རར་སོང་སྟེ་ཚལ་དང་འབྲས་ཉོ་སྐབས་ཐོག་མར་རྫུན་མ་ཡིན་མིན་ལྟ་དགོས། གནས་ཚུལ་དེ་ལྟ་བུའི་རིགས་ཅིའི་ཕྱིར་བྱུང་པ་ཡིན་པའི་སྐོར་བསམ་བློ་ཞིག་གཏོང་དང་། རྒྱ་ནག་དམར་ཤོག་ཚོགས་པས་དབང་སྒྱུར་བྱས་པའི་ལོ་དྲུག་བཅུའི་རྗེས། བཟང་སྤྱོད་ཇི་ལྟར་མེད་པར་གྱུར་པ་རེད་དམ། དད་མོས་ཇི་ལྟར་མེད་པར་གྱུར་པ་རེད་དམ། འདི་ཇི་ལྟར་བྱུང་པ་རེད།
ངས་བལྟས་ན་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པར་བཟང་སྤྱོད་ཀྱིས་ཕོངས་པ་དང་དད་འདུན་གྱིས་ཕོངས་པར་བརྟེན། ད་གཟོད་མི་དམངས་མང་ཚོགས་ངན་པའི་ལམ་དུ་འཁྲིད་པ་རེད། གལ་ཏེ་རྒྱ་ནག་དམར་ཤོག་བཟང་སྤྱོད་དང་དད་མོས་ཡོད་མཁན་ཞིག་ཡིན་ན། མི་དམངས་མང་ཚོགས་ངན་པའི་ལམ་དུ་ཇི་ལྟར་བསྐྱོད་སྲིད་དམ། ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པས་དོན་དག་ཅི་ཞིག་བསྒྲུབས་ཀྱང་རྩ་ཁྲིམས་ལ་མ་བསྟུན་པར་རང་སྣང་གང་དྲན་བྱེད་བཞིན་པར་བརྟེན། མི་མང་མང་ཚོགས་ཀྱིས་ཀྱང་རྩ་ཁྲིམས་ལ་མི་བསྟུན་ཐབས་ལམ་ཤེས་ཡོད།
དཔོན་དབང་མ་རྩ་རིང་ལུགས་ཀྱིས་སྲིད་དབང་གཅིག་སྡུད་ལམ་ལུགས་སྐྱོབ་ཐབས་མེད།
གསར་འགོད་པ། གོང་དུ་ཁྱོད་ཀྱིས་གསུངས་པའི་བཀའ་མོལ་བརྒྱུད་དེ་ང་ལ་རྒྱ་ནག་དམར་ཤོག་ལ་འཆི་ལམ་ཁོ་ན་མ་གཏོགས་མེད་པའི་ཚོར་སྣང་ཞིག་སྟེར་སོང་། ཏིན་ཞའོ་ཕིང་གི་དཔོན་དབང་མ་རྩ་རིང་ལུགས་ཀྱི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་སོང་ཡོད་པ་ལྟ་བུར་ཞིག་ཏུ་གྱུར་ཡོད། ཁྱོད་ལ་དགོངས་ཚུལ་དེ་ལྟ་བུ་ཅི་ལྟར་སླེབས་པ་རེད་དམ།
ལཱོ་ཡུ། གལ་སྲིད་རྒྱ་ནག་མུ་མཐུད་དུ་ཏིན་ཞའོ་ཕིང་གི་དཔོན་དབང་མ་རྩ་རིང་ལུགས་ཀྱི་ལམ་དུ་བསྐྱོད་པ་ཡིན་ན་དེ་ནི་འཆི་ལམ་ཉག་གཅིག་ཡིན། གང་ཡིན་ཟེར་ན། དཔོན་དབང་མ་རྩ་རིང་ལུགས་འདི་མི་དམངས་ཀྱི་ཁེ་ཕན་ཆེད་དུ་མ་ཡིན་པར། དེ་ནི་དམར་ཤོག་ཚོགས་པ་གཅིག་པུའི་ཁེ་ཕན་གྱི་ཆེད་དུ་རེད། དཔོན་དབང་མ་རྩ་རིང་ལུགས་རྒྱལ་ཁབ་མང་པོའི་ནང་དུ་ལག་བསྟར་བྱས་མྱོང་། ཡིན་ནའང་ལམ་ལྷོངས་བྱུང་བ་རྐང་གཅིག་ཀྱང་བྱུང་མེད། དེ་ལམ་ལྷོངས་བྱུང་སྲིད་པ་ཞིག་ཀྱང་མ་རེད། དེར་བརྟེན་ལམ་བུ་གཅིག་ཁོ་ན་ཡོད་པ་ནི་རང་དབང་མ་རྩ་རིང་ལུགས་རེད།
རང་དབང་མ་རྩ་རིང་ལུགས་ལ་མང་གཙོ་ཅན་གྱི་གཞི་རྩའི་ཆ་རྐྱེན་ཚང་ཡོད། གང་ཡིན་ཟེར་ན། མ་རྩ་རིང་ལུགས་ཀྱི་སྲོག་རྩ་དེ་རང་དབང་རེད། ཏིན་ཞའོ་ཕིང་དང་རྒྱ་ནག་དམར་ཤོག་ཚོགས་པས་མ་རྩ་རིང་ལུགས་ཀྱི་སྲོག་རྩ་བཅད་དེ། མ་རྩ་རིང་ལུགས་ཀྱི་དངུལ་སྤྱོད་དེ་སྲིད་དབང་སྒེར་གཅོད་ཀྱི་སྲོག་སྐྱོབ་དགོས་སྙམ་ཡོད་པ་མ་ཟད། ཕྱི་ཕྱོགས་སུ་སྒོ་འབྱེད་བྱས་ཏེ་རང་དབང་མ་རྩ་རིང་ལུགས་ནང་འདྲེན་བྱས་ཡོད། ཡིན་ནའང་ལག་བསྟར་བྱེད་པ་དེ་སྲིད་དབང་སྒེར་གཅོད་ཀྱི་སྲིད་ཇུས་རེད།
ངས་དཔེར་མཚོན་གཅིག་བཞག ཀཱང་ཏོང་བཅོས་སྒྱུར་སྒོ་འབྱེད་བྱས་མ་ཐག་པའི་སྐབས་དེར། ཕྱིའི་མ་དངུལ་ནང་དུ་སླེབས་སྐབས་བཟོ་གྲྭ་བཙུགས། ལོ་གཅིག་གི་ནང་ཚུད་དུ་བཟོ་ལས་ཀྱི་དོན་རྐྱེན་འོག་མི་ཁྲི་ལྔ་ཙམ་གྱི་མཛུབ་མོ་བཏུབ་ཡོད། དཔྱོད་ཤེས་ཅན་གྱི་ཤེས་ཡོན་པ་ཞིག་གིས་རྩོམ་ཡིག་ཅིག་བྲིས་པའི་འགོ་བརྗོད་ལ་“མཛུབ་མོ་ཁྲི་ལྔ་”ཞེས་འབོད། རྩོམ་ཡིག་དེའི་ནང་སྲིད་དབང་སྒེར་གཅོད་འོག་གི་བཟོ་གྲྭའི་ལས་བཟོ་དོན་རྐྱེན་དང་མང་གཙོ་ལམ་ལུགས་འོག་གི་མ་རྩ་ཅན་གྱི་བཟོ་གྲྭའི་ལས་བཟོ་དོན་རྐྱེན་གཤིབ་བསྡུར་བྱས་ཏེ། མང་གཙོའི་རྒྱལ་ཁབ་ཅིག་གི་ནང་དུ་མཛུབ་མོ་ཁྲི་གཅིག་ཙམ་ཕར་བཞག མཛུབ་མོ་གཅིག་བཏུབ་པ་ཡིན་ནའང་བཟོ་གྲྭ་མུ་མཐུད་དུ་གནས་ཐུབ་མིན་དེ་གནས་དོན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་འདུག
དེའི་ཕྱིར་རང་དབང་མ་རྩ་རིང་ལུགས་ལ་གཅིག་ལྟོས་དང་། སྤྱིར་དེའི་ནང་དུའང་བཀྲ་མ་ཤིས་པ་ཁ་ཤས་རེ་མཐོང་རྒྱུ་ཡོད་ཀྱང་། དེ་ནི་རྩ་ཁྲིམས་ཀྱི་སྟངས་འཛིན་འོག་ཏུ་ཡོད་ལ། རྩ་ཁྲིམས་དེས་ལྡོག་ཕྱོགས་ཀྱི་གནོད་སྐྱོན་ཡོངས་རྫོགས་འགོག་སྲུད་བྱས་ཡོད། གལ་ཏེ་རྒྱ་ནག་ལ་མང་གཙོ་ཡོད་པ་ཡིན་ན། ཁྲིམས་ལུགས་ཡོད་པ་ཡིན་ན། དཔོན་རིགས་ཀྱིས་ལྐོག་ཟ་རུལ་སུངས་བྱ་མི་ཕོད།
མང་གཙོ་འཁྲུག་མི་སྲིད།
གསར་འགོད་པ། ཁྱོད་ཀྱིས་རྩོམ་ཡིག་ནང་རྒྱ་ནག་སྐམ་སར་ཉེན་ཁ་ཡིས་གང་སར་ཁྱབ་ཡོད་པ་དང་། དེའི་འབྱུང་རྩ་དེ་སྲིད་དབང་སྒེར་གཅོད་རེད་ཅེས་བྲིས་འདུག གལ་ཏེ་སྲིད་དབང་སྒེར་གཅོད་ལམ་ལུགས་མཇུག་བསྡུས་པ་ཡིན་ན། རྒྱ་ནག་ཅི་ལྟར་ཆགས་སྲིད་དམ།
ལཱོ་ཡུ། སྲིད་དབང་སྒེར་གཅོད་མཇུག་བསྡུས་པ་ཡིན་ན་རྒྱ་ནག་མང་གཙོ་ཅན་དུ་གྱུར་པ་རེད། མང་གཙོའི་ལམ་ནས་དཀའ་རྙོག་ཐམས་ཅད་སེལ་མི་ནུས་ཀྱང་། མང་གཙོ་མེད་ན་དོན་དག་གང་ཞིག་ཡིན་ནའང་ཐག་གཅོད་བྱ་མི་ཐུབ།
གསར་འགོད་པ། ཡིན་ནའང་མི་ཁག་གཅིག་གིས་གལ་ཏེ་རྒྱ་ནག་ཏུ་ཆབ་སྲིད་ཤོག་ཁག་ལམ་ལུགས་ལག་བསྟར་བྱས་པ་ཡིན་ན། རྒྱ་ནག་ནང་ཟིང་འཁྲུག་ལངས་སྲིད་པའི་ངོས་འཛིན་བྱེད་བཞིན་འདུག
ལཱོ་ཡུ། དེ་ཚོ་ཚང་མ་རྒྱུ་མཚན་དང་གནས་ལུགས་མེད་པའི་སྐད་ཆ་རེད། མང་གཙོའི་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཚང་མ་དང་ཆབ་སྲིད་ཤོག་ཁག་ཅན་གྱི་རྒྱལ་ཁབ་གང་ཞིག་ཏུ་ཟིང་འཁྲུག་བྱུང་མ་མྱོང་པ་རེད་དམ། གནད་དོན་གཙོ་བོ་དེ་སྲིད་དབང་སྒེར་གཅོད་ལམ་ལུགས་མེད་པར་བཟོས་ཏེ། གལ་ལེར་བརྟན་ལྷིང་ངང་གོམ་པ་རེ་རེ་བཞིན་བསྐྱོད་དགོས། ཅང་ཅེ་གཱོ་(འགྱུར་མཆན། ཐའེ་ཝན་གོ་མིན་ཏང་སྲིད་གཞུང་གི་སྲིད་དབང་གཅིག་སྡུད་ལམ་ལུགས་མེད་པར་བཟོས་ཏེ་མང་གཙོའི་ལམ་དུ་འཁྲིད་མཁན་དཔོན་པོ) ལ་ཕྱིར་བལྟས་ཤིག་བྱོས་དང་། ཁོང་གིས་སྔོན་ལ་འཆར་འགོད་ཙམ་ཡང་མ་བྱས་པར་མང་གཙོའི་ལམ་དུ་ལམ་ལྷོངས་ལྡན་པའི་ངང་བསྐྱོད་ཐུབ་པ་བྱུང་བ་རེད། དེར་བརྟེན་ད་ལྟ་རྒྱ་ནག་ལ་གསར་གཏོད་དམ་ཡང་ན་གསར་བཟོ་ཞིག་དགོས་ངེས་མེད་པར། འཛམ་གླིང་སྟེང་གི་སྔོན་ཐོན་གྱི་ལམ་ལུགས་ལ་སློབ་སྦྱོང་ཙམ་བྱས་པ་ཡིན་ན། རྒྱ་ནག་གི་གནད་དོན་ཐག་གཅོད་བྱ་ཐུབ་པ་ཞིག་ཏུ་གྱུར་ཡོད།
གསར་འགོད་པ། ངས་དྲན་ཚུལ་ལྟར་ན་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཤིག་གི་ནང་། རྒྱ་ནག་མི་དམངས་ཀྱི་སྤུས་ཚད་ཀྱི་མ་འདིང་བ་དང་། གལ་ཏེ་དཔལ་ཡོན་ལྡན་པའི་ཚད་གཞི་རུ་སླེབས་པ་ཡིན་ན་གཟོད་མང་གཙོ་དང་ཆབ་སྲིད་ཤོག་ཁག་ལམ་ལུགས་ལག་བསྟར་བྱ་ཆོག་ཅེས་བརྗོད་འདུག
ལཱོ་ཡུ། གང་བྱུང་མང་བྱུང་བཤད་པ་རེད། ཧོང་ཀོང་དེ་དཔེར་མཚོན་ཡག་ཤོས་ཤིག་ཆགས་ཡོད། ཧོང་ཀོང་དུའང་གཅིག་མཚུངས་སུ་འོས་འདེམས་བྱེད་བཞིན་པ་མ་རེད་དམ། རྒྱ་ནག་དམར་ཤོག་ཚོགས་པའི་ནང་དུ་མི་ཁག་གཅིག་གིས་ཆེད་དུ་ཉིན་རྟག་པར་སྐྱག་རྫུན་བཤད་བཞིན་ཡོད།
དམར་ཤོག་མི་རབས་གཉིས་པར་དམར་ཤོག་ཚོགས་མི་ནས་ཕྱིར་འཐེན་གྱི་འབོད་སྐུལ།
གསར་འགོད་པ། སྐུ་ཞབས་ལཱོ་ལགས། ཁྱོད་རྒྱ་ནག་དམར་ཤོག་ཚོགས་པ་ནས་ཁ་བྲལ་ཟིན་ཞིང་། ཅང་ཙེ་མེན་གྱིས་ཁྱོད་དམར་ཤོག་ཚོགས་པ་ནས་ཕྱིར་ཕུད་བྱས། ངས་བསམ་ན་ཁྱོད་ལྟ་བུའི་མི་ཞིག་གིས་དམར་ཤོག་ལ་རྒྱབ་འགལ་བྱས་པ་དེ་ནི། ཧ་ཅང་རྣམ་རིག་གྲུང་པ་དང་དཔྱོད་ཤེས་ཅན་གྱི་དམར་ཤོག་མི་རབས་གཉིས་པ་ཞིག་རེད། ཁྱོད་ཀྱིས་དམར་ཤོག་མི་རབས་གཉིས་པ་གཞན་དག་རྣམས་ལ་སྐད་ཆ་ཚིག་ཁ་ཤས་བཤད་ན་འགྲིག་གམ།
ལཱོ་ཡུ། དམར་ཤོག་མི་རབས་གཉིས་པའི་གནས་སྟངས་ཀྱང་ད་ལྟ་ཧ་ཅང་མི་འདྲ་བ་ཆགས་ཡོད། ཏིན་ཞའོ་ཕིང་གི་དཔོན་དབང་མ་རྩ་རིང་ལུགས་ལ་འདོད་མོས་མེད་མཁན་གྱི་དམར་ཤོག་མི་རབས་གཉིས་པ་ཁག་ཅིག་གི་ལྟ་བ་དེ། ངའི་ལྟ་ཚུལ་དང་ཅུང་ལྟོས་འཇོག་གིས་ཅུང་ཐག་ཉེ་བ་ཡོད། ཡིན་ནའང་གཏིང་ཟབ་ཚད་དེ་རྩ་བ་ནས་མི་འདྲ།
རྒྱ་ནག་དམར་ཤོག་ཚོགས་པ་ད་ལྟ་ཚད་ཅི་ལྟ་བུ་ཞིག་གི་གནས་སུ་ལྷུང་ཡོད་པ་རེད་དམ་ཞེ་ན། ཁོང་ལ་ཁེ་ཕན་ཁོ་ན་ལས་ཡིད་ཆེས་དང་ལྟ་གྲུབ་གང་ཡང་མེད། ཀྲུའུ་ཡོང་ཁང་ཅི་ཞིག་ལ་ཡིད་ཆེས་ཡོད་དམ། པའོ་ཞི་ལེ་གང་ཞིག་ལ་ཡིད་ཆེས་ཡོད་དམ། ངས་བལྟས་ན་ཁོང་ཚོ་ནས་རྩ་བ་ནས་གད་སྙིགས་ཕུང་པོ་གཅིག་རེད། ཁོང་ཚོ་སུ་གང་ལའང་ཡིད་ཆེས་མེད།
ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་ཁ་བཤད་དང་ལག་ལེན་ཁྱོན་ནས་མི་མཚུངས་པ་མ་ཟད། ཁོང་གིས་བཤད་པ་དེར་ཁོང་རང་ཉིད་ཀྱང་ཡིད་ཆེས་མེད་ལ། ཡིད་ཆེས་མཁན་སུ་གཅིག་ཀྱང་མེད། ཁྱོད་གཞུང་ལམ་དུ་སོང་སྟེ་མི་གང་ཡང་རུང་བ་ཞིག་ལ་<<མི་དམངས་ཉིན་རེའི་ཚགས་པར་>>སྟེང་གི་དཔྱད་གླེང་དག་གཅིག་བསྟན་ཏེ་ཡིད་ཆེས་ཡོད་མེད་སྐད་ཆ་དྲིས་ན། ངས་བལྟས་ན་ཁྱོད་ཀྱིས་ཡིད་ཆེས་ཡོད་པའི་མི་གཅིག་ཀྱང་རྙེད་རྒྱུ་མ་རེད།
དེ་ལྟ་བུའི་དམར་ཤོག་ཚོགས་པ་དོན་དངོས་སུ་འཐོར་ཞིག་ཏུ་གྱུར་ཟིན། ཁྱོད་དམར་ཤོག་ཚོགས་མི་ཡིན་མིན་ཡང་ད་ལྟ་སྐད་ཆ་འདྲི་མཁན་མེད་པ་དང་། དེར་སེམས་ཁུར་བྱེད་མཁན་སུ་ཡང་མེད།
ངའི་སློབ་གྲོགས་ཤིག་གིས་ང་ལ་འདི་ལྟར་བརྗོད། གྲོགས་པོ་སྐོར་ཞིག་གིས་མཉམ་དུ་ཁ་ལག་ཟ་སྐབས། གློ་བུར་དུ་སུ་ཞིག་དམར་ཤོག་ཚོགས་མི་ཡིན་མིན་སྐད་ཆ་དྲིས། དེའི་རྗེས་དམར་ཤོག་ཚོགས་མི་ཁ་ཤས་ཤིག་ཧ་ཅང་ཁ་སྐྱེངས་པའི་ངང་སྐབས་དེར་ང་ཚོ་ལོ་ཆུང་བ་དང་མགོ་མ་ཚོས་པའི་རྐྱེན་གྱིས་ཚོགས་མིར་ཞུགས་པ་རེད་ཅེས་བརྗོད་ཡོད་འདུག
དམར་ཤོག་མི་རབས་གཉིས་པ་མང་པོ་ཞིག་རྒྱ་ནག་དམར་ཤོག་ཚོགས་པའི་ད་ལྟའི་བྱེད་སྟངས་ལ་མོས་མཐུན་ཁྱོན་ནས་མེད། འོན་ཀྱང་ཁོང་ཚོ་ཡང་གནས་སྟངས་རྣམ་པ་སྣ་ཚོགས་འོག་ཡོད་པའི་རྐྱེན་གྱིས་ཡོངས་གྲགས་ཐོག་ང་དམར་ཤོག་ཚོགས་མི་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཟེར་ན། ཅུང་དཀའ་མོར་གྱུར་ཡོད་ཀྱང་གལ་ཏེ་རྒྱ་ནག་དམར་ཤོག་གི་སྡུག་ལས་ཀྱི་ཕྱོགས་སུ་ལངས་འདོད་མེད་ན། ཁོང་ཚོས་ཀྱང་དངོས་མིང་མི་སྤྱོད་པའམ་ཡང་ན་ཐབས་ལམ་གཞན་དག་གི་ཐོག་ནས་དམར་ཤོག་ཚོགས་མི་ནས་ཕྱིར་འཐེན་བྱ་ཆོག་ལ། མདོར་བསྡུས་ནས་བཤད་ན་རྒྱ་ནག་དམར་ཤོག་དང་ངན་པ་ལག་འབྲེལ་བྱ་མི་རུང་།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།
མུ་འགོད།