བྱ་དགའ་མཐོ་བའི་རྩོམ་བསྡུ་གསལ་བསྒྲགས།

༄༅། །ཕྱི་ལོ་ ༢༠༡༦ཟླ་ ༡༠ ཚེས་ ༢ ཉིན་རྒྱ་གར་གྱི་མེས་པོ་དམ་པ་གན་དྷི་མཆོག་གི་འཁྲུངས་སྐར་འདི་བཞིན་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོར་སྲུང་བརྩི་ཞུ་བ་དང་ཆབས་གཅིག་འདི་ག་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་ནས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་མཁྱེན་དཔྱོད་ལྷག་བསམ་གྱིས་ཕྱུག་ཅིང་ཞི་བདེའི་བདེན་དོན་ལ་བློ་ཁ་ཕྱོགས་པའི་རང་རེའི་ཤེས་ལྡན་པ་ཡོངས་ལ་ཞུ་རྒྱུར།jaga

འདི་ག་བསྟི་གནས་ཁང་ནས་སྡེ་ཚན་གསུམ་དུ་ཕྱེ་བའི་བོད་ཡིག་ཐོག་དཔྱད་རྩོམ་འགྲན་བསྡུར་ཞིག་གཤམ་གསལ་ལྟར་གོ་སྒྲིག་ཞུ་ཡོད་ཅིང།སྡེ་ཚན་རེ་རེ་ནས་དཔྱད་རྩོམ་རྩེ་ཕུད་ལྔ་རེ་བདམས་ཏེ་འཚེ་མེད་ཞི་བའི་ཚགས་ཤོག་ཅིག་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་༢༧འཁོར་བའི་ཉིན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ཏུ་གནས་སྡོད་བོད་རིགས་ས་གནས་ཁག་ལ་རིན་མེད་འགྲེམས་སྤེལ་ཞུ་འཆར་ལགས་ན་ཤེས་ལྡན་པ་རྣམས་ཀྱིས་རང་ཉིད་ཀྱི་དཔྱད་རྩོམ་རྣམས་ངེས་འབུལ་ཡོང་བའི་རེ་བ་ཞུ།

རྩོམ་ཡིག་འབྱོར་ཚེས་ཀྱི་མཐའ་མའི་དུས་བཀག་ནི་ཕྱི་ལོ་ ༢༠༡༦ ཟླ་ ༡༡ཚེས་ ༡༠ ཉིན་ཡིན་ཞིང་། དཔྱད་རྩོམ་རྣམས་གློག་འཕྲིན་ཁ་བྱང་ཐོག་བསྐུར་ཐུབ་ན་རབ་དང་དེ་མིན་སྦྲགས་ཐོག་བརྒྱུད་ནས་གཤམ་གསལ་ལས་ཤོག་དང་གསལ་བསྒྲགས་ཐོག་གསལ་བའི་ལས་ཁུངས་ཁ་བྱང་སྟེང་བསྐུར་རོགས།

ལས་གཞི་འདིར་བོད་མི་མང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་སྦར་སོ་ལོ་ན་བོད་ཁང་(CASA DEL TIBET,BARCELONA)ནས་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢ ཉིན།