མེ་འཁོར་ནང་རང་ལུས་མེར་སྲེག་བཏང་འདུག
ཉི་ཧོང་གི་མྱུར་བསྐྱོད་མེ་འཁོར་ནང་སྐྱེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ། ས་གནས་ཀྱི་བརྒྱུད་ལམ་ཁག་ནས་མི་གཉིས་རྐྱེན་ལམ་དུ་ཤོར་ཡོད་པའི་གནས་ཚུལ་སྤེལ་འདུག
ཕྱི་ཟླ་༦ པའི་ཚེས་༣༠ ཉིན་གྱི་སྔ་དྲོའི་ས་གནས་ཀྱི་ཆུ་ཚོད་༡༡།༣༠ ཙམ་ལ། ཉི་ཧོང་གི་རྒྱལ་ས་ཀྲོ་ཁིའོ་ནས་གྲོང་ཁྱེར་ཨོ་ས་ཁཱ་རུ་བསྐྱོད་མཁན་གྱི་མྱུར་བསྐྱོད་མེ་འཁོར་ཞིག་གི་ནང་། རང་ལོ་༣༠ ཡིན་པའི་སྐྱེས་པ་ཞིག་གིས་མེ་འཁོར་ནང་གི་གསང་སྤྱོད་ཉེ་འཁྲིས་སུ་རང་ལུས་མེར་བཏང་སྟེ། ཁོང་རང་ཉིད་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། གཞན་ཡང་མི་ཧ་ཅང་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པའི་ནང་། གཅིག་འདས་གྲོངས་སུ་གྱུར་ཡོད་འདུག
ཉི་ཧོང་གི་JR ལྕགས་ལམ་ལས་ཁུངས་ཀྱི་མགྲིན་ཚབ་པས་བརྗོད་པ་ལྟར་ན། མེ་འཁོར་ནང་འགྲུལ་པ་ཞིག་གིས་རང་ལུས་ལ་སྣུམ་བྱུགས་པའི་རྗེས། མེ་སྤར་ཡོད་པའི་གནས་ཚུལ་ང་ཚོས་ཤེས་རྟོགས་བྱུང་བ་དང་། སྐབས་དེར་མྱུར་བསྐྱོད་མེ་འཁོར་རྒྱལ་ས་ཀྲོ་ཁིའོ་ནས་གྲོང་ཁྱེར་ཨོ་ས་ཁཱ་རུ་བསྐྱོད་བཞིན་ཡོད་ཅིང་། རང་ལུས་མེར་སྲེག་གི་དོན་རྐྱེན་དེ་བྱུང་སྐབས་མེ་འཁོར་ཀྲར་ཁེའུ་ཡི་ནུབ་ལྷོའི་ཕྱོགས་ཀྱི་ཨོ་ངྷ་ཝ་ར་ཞེས་པའི་གྲོང་ཁྱེར་བརྒྱུད་དེ་འགྲོ་བཞིན་ཡོད་པ་རེད།
གནས་ཚུལ་ནང་ཐོན་པ་ལྟར་ན། ཉི་ཧོང་གི་ཉེན་རྟོག་པའི་ཕྱོགས་ནས་ཐེངས་འདིའི་རང་ལུས་མེར་སྲེག་དེ་རང་སྲོག་གཅོད་པའི་དོན་རྐྱེན་ཙམ་ལས། འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་དང་འབྲེལ་བ་གང་ཡང་མེད་སྐོར་བརྗོད་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།