ཅང་ཙེ་མེན་ཁྱིམ་ཚང་གི་རྙོག་དྲ་རྫོགས་མེད། ཞི་ལ་བྱ་སྤྱོད་གསར་པ་ཞིག་ཡོད་སྲིད།
ཉེ་ཆར་ཅང་ཙེ་མེན་གྱི་བུ་གཉིས་ཀ་ནང་ཁུལ་ནས་སྟངས་འཛིན་བྱས་ཡོད་པའི་གནས་ཚུལ་ཕྱིར་གྱར་པ་དང་། དབྱེ་ཞིབ་པས་ཅང་ཙེ་མེན་ཁྱིམ་ཚང་གི་རྙོག་དྲ་ད་དུང་རྫོགས་མེད་པར་ཚོགས་ཆེན་བཅུ་དགུ་པ་སླེབས་ལ་ཉེ་བ་དང་སྟབས་བསྟུན། ཞི་ཅིན་ཕིང་ལ་ཁ་ཕྱོགས་གསར་པ་ཞིག་ཡོད་སྲིད་པའི་ཚོད་དཔག་བྱས་འདུག
དབྱེ་ཞིབ།
ཟླ་༣ ཚེས་༢༣ ཉིན་ཧྲང་ཧེ་ཡི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཀྲན་ཨན་ཁྲུང་གིས་ཕྱི་ཕྱོགས་སུ་ཡོད་པའི་ཏཱ་ཅི་ཡའེ་གསར་འགྱུར་དྲ་བར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཅང་ཙེ་མེན་གྱི་བུ་ཅང་མེའོ་ཧན་དང་ཅང་མེའོ་ཁང་གཉིས་ཀ་ནང་ཁུལ་དུ་སྟངས་འཛིན་བྱས་ཟིན་པ་རེད།
ཟླ་༣ ཚེས་༢༨ ཉིན་ཧོང་ཀོང་གི་བརྒྱུད་ལམ་ཞིག་ཏུ་བཀོད་པའི་གྲགས་ཅན་རྩོམ་པ་པོ་ལུའུ་ཐེ་ཅི་ཡིས་རྩོམ་ཡིག་ནང་དབྱེ་ཞིབ་བྱས་དོན། ཅང་ཙང་མེན་གྱི་བུ་དུས་ཡུན་རིང་པོར་ཧྲང་ཧེ་ལྟེ་གནས་སུ་གྱུར་པའི་ཧྲང་ཧེ་ཤོག་ཁག་གི་སྲུང་སྐྱོབ་འོག་རྒྱ་ནག་སྐམ་སའི་ཚོང་ལས་ཁྲོད་འཁྲུག་ཆ་དོད་པ་དང་། ཚོང་ཧ་ཅང་ཆེ་བ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། ཞི་ཅིན་ཕིང་དང་ཝང་ཆི་ཧྲན་གྱིས་རུལ་རྒོལ་འགོ་བཙུགས་པ་ནས་བཟུང་། ཅང་ཙེ་མེན་ཕྱོགས་གཏོགས་ཀྱི་སྟག་རྒན་ཀྲུའུ་ཡོང་ཁང་དང་ཞུའུ་ཚེ་ཧུག་གཉིས་འཇུ་བཟུང་བྱས་པའི་རྗེས། ཅང་སྐུ་སྲས་གཉིས་དང་འབྲེལ་བའི་མི་སྙན་པའི་གནས་ཚུལ་ག་ས་གང་ནས་སྤེལ་འགོ་ཚུགས།
རྩོམ་ཡིག་ནང་དབྱེ་ཞིབ་པས་མུ་མཐུད་དུ། “ཅང་ཙེ་མེན་གྱི་བུ་གཉིས་ནང་ཁུལ་དུ་སྟངས་འཛིན་བྱས་ཡོད་པའི་གནས་ཚུལ་བདེན་མིན་ལ་མ་ལྟོས་པར། ཟླ་༣ ཚེས་༢༧ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་སྟེང་གནས་ཚུལ་བཀོད་པར་གཞིགས་ན། སྐམ་སའི་བཟོ་སྐྲུན་འཆར་འགོད་པ་སུང་ཝན་ཚཱང་གི་སྐུ་ཕུང་སྐྱེལ་མའི་མྱ་ངན་མཛད་སྒོར་ཕེབས་པའི་འགོ་ཁྲིད་ཀྱི་མིང་ཐོའི་ནང་། ཞི་ཅིན་ཕིང་གཙོས་པའི་ད་ལྟའི་ལས་ཐོག་རྒྱུན་ལས་བདུན་དང་། དེ་བཞིན་ཧུ་ཅིན་ཐའོ། ལི་ཕིང་། ཀྲུའུ་རུན་ཅི། ཝན་ཅང་པའོ་སོགས་རྒྱུན་ལས་ཟུར་པ་དྲུག་མཉམ་ཞུགས་བྱས་ཡོད་ཀྱང་། ཅང་ཙེ་མེན་ཁོ་ན་མེད་པ་རེད།”
རྒྱ་ནག་དབུས་སྒྲིག་བཤེར་ལས་ཁུངས་ཀྱི་དྲ་བའི་སྟེང་ཟླ་༣ ཚེས་༢༦ ཉིན་གནས་ཚུལ་སྤེལ་བའི་ནང་། ཉེ་བའི་ཆར་ཧྲང་ཧེ་གྲོང་ཁྱེར་གྱི་ལྷན་ཁང་ཁག་༡༠ ཡི་སྡེ་ཁག་༢༨ ལ་སྐོར་བསྐྱོད་རུ་ཁག་ཁག་བགོས་ཏེ་སྐོར་བསྐྱོད་འགོ་འཛུགས་བྱས་ཡོད་ཅིང་། དེའི་ཁྲོད་གྲོང་ཁྱེར་འགྲིམ་འགྲུལ་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས་ནི་ཅང་ཙེ་མེན་གྱི་བུ་དང་ཚ་བོ་གཉིས་ལ་ཁེ་ཕན་གྱི་འབྲེལ་བ་ཡོད་པའི་མངའ་ཁོངས་ཡིན་ཞིང་། གྲོང་ཁྱེར་རྒྱང་སྒྲོག་ལས་ཁུངས། གསར་ལས་རུ་ཁག་སོགས་ཀྱང་ཅང་ཙེ་མེན་ཕྱོགས་ཀྱི་གཏོགས་དྲིལ་བསྒྲགས་མ་ལག་ཏུ་གྱུར་ཡོད།
ཟླ་༣ ཚེས་༢༥ ཉིན། དབུས་སྒྲིག་བཤེར་ལྷན་ཁང་གི་གཞུང་འབྲེལ་གསར་ཤོག་སྟེང་<<རང་འགུལ་གྱིས་གནད་དོན་ཡར་ཞུ་བྱེད་རྒྱུ་ནི་ཡང་དག་པའི་བདམ་ཀ་རེད།>> ཅེས་པའི་རྩོམ་ཡིག་སྤེལ་པ་དང་། ཉིན་དེར་རྩོམ་ཡིག་དེ་ཧྲང་ཧེ་གྲོང་ཁྱེར་སྒྲིག་བཤེར་ལས་ཁུངས་ཀྱི་དྲ་བའི་སྟེང་བརྒྱུད་བཀོད་བྱས།
གཞན་ཡང་། ཉེ་ཆར་ཞི་ཅིན་ཕིང་ཕྱོགས་གཏོགས་ཀྱི་འགོ་ཁྲིད་ཟུར་པའི་གནས་ཚུལ་ཅིག་ཅར་དུ་ཐོན་ཡོད་ཅིང་། ཟླ་༣ ཚེས་༢༦ ཉིན་ཧུ་ཅིན་ཐའོ་ཁོང་གི་ཕ་ཡུལ་ཅང་སུང་ཐའེ་ཀྲུའུ་རུ་སླེབས་པ་དང་། གཞུང་འབྲེལ་བརྒྱུད་ལམ་སྟེང་ཝན་ཅང་པའོ་ཡི་དེབ་གསར་པར་སྐྲུན་སྐོར་ཁྱབ་བསྒྲགས་ཤུགས་ཆེན་བྱས། ཟླ་༣ ཚེས་༢༧ ཉིན། ཀྲུའུ་རུན་ཅི་ཡིས་ཉི་ཧོང་གི་དཔལ་འབྱོར་དཔོན་རིགས་ཟུར་པ་ཞིག་འདས་གྲོངས་སུ་གྱུར་པར་མྱ་ངན་ཡི་གེ་ཕུལ།
ལོ་སྔོན་མའི་ཟླ་༡༢ པའི་ནང་། ཧོང་ཀོང་གི་<<རྒྱང་སོ་ཁང་>>ཞེས་པའི་དུས་དེབ་སྟེང་སྤྱི་ཁྱབ་རྩོམ་སྒྲིག་པས། མིག་སྔར་ཅང་ཙེ་མེན་བཟང་བཙོན་གྱི་རྣམ་པ་དང་མཚུངས་པའི་གནས་སྟངས་འོག་ཡོད་པའི་གནས་ཚུལ་སྤེལ།
ཆབ་སྲིད་དཔྱད་བརྗོད་པ་ཞེ་ཐའེ་ཆི་ཡིས། “མིག་སྔར་ཆབ་སྲིད་ཀྱི་ཚོར་ཤུགས་རྣོ་བའི་དུས་སྐབས་སུ། པེ་ཅིང་དང་ཀྲུང་ནན་ཧེ། ཧྲང་ཧེ་ཡི་བདེ་འཇགས་སྲུང་སྐྱོབ་ཚད་མཐོ་རུ་བཏང་པ་དང་། ཧུ་ཅིན་ཐའོ། ཝན་ཅང་པའོ། ཀྲུག་རུན་ཅི་ཅིག་ཅར་དུ་བརྒྱུད་ལམ་ཁག་ལ་ཐོན་པ་སོགས་རྟགས་མཚན་མང་པོ་ཞིག་ལས་མཐོང་ཐུབ་པ་ནི། ཞི་ཅིན་ཕིང་གིས་ད་ལྟ་ཙེ་མེན་དང་ཅང་གི་ཁྱིམ་ཚང་ལ་དམིགས་པའི་བྱ་སྤྱོད་ཆེན་པོ་ཞིག་དངོས་སུ་གྲ་སྒྲིག་བྱེད་བཞིན་པ་གསལ་པོ་རེད་”ཅེས་བརྗོད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།