བླ་བྲང་གི་གྲྭ་འཇིགས་མེད་རྒྱ་མཚོ་ལ་ལོ་ལྔའི་ཁྲིམས་ཆད།

བླ་བྲང་གི་གྲྭ་མཇིགས་མེད་རྒྱ་མཚོ་ལ་འདི་ལོའི་ཕྱི་ཟླ་༩ ཕྱི་ཚེས་༥ ཉིན་རྒྱ་ནག་ཀན་སུའུ་ཞིང་ཆེན་ལན་ཀྲའོ་གྲོང་ཁྱེར་ནང་ཡོད་པའི་ཁྲིམས་ཁང་ཞིག་ནས། རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བཤམས་ཡོད་པའི་ཉེས་མིང་འོག མི་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

jigmeཟླ་འདིའི་ཚེས་༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འཇིགས་མེད་རྒྱ་མཚོ་ནི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་བདག་གཉེར་ལྷན་ཁང་གི་འགན་འཛིན་གཞོན་པ་ཡིན་པ་དང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༡ ཟླ་༨ ནང་ཁོང་འཛིན་བཟུང་གིས། ད་བར་གསང་བའི་ངང་བཀག་ཉར་བྱས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་༩ ཕྱི་ཚེས་༥ ཉིན་རྒྱ་ནག་གིས་མི་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་བ་གསལ་བསྒྲགས་བྱས་ཡོད་ནའང་། ཁོང་དེང་སྐབས་བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད།

དགེ་འདུན་པ་འཇིགས་མེད་རྒྱ་མཚོ་དང་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ཞུ་བ་ཁོང་ནི་བླ་བྲང་དགོན་པའི་དགེ་འདུན་པ་དང༌། བླ་བྲང་དགོན་པའི་ཉེ་འདབ་ཕུག་སྡེ་ཞེས་པ་ནས་ཡིན་ཞིང༌། ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨམ་ར་ཝ་ཏི་ལ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་གིས་བསྩལ་བའི་དུས་འཁོར་དབང་ཆེན་ཞུས་རྗེས། ཕྱིར་ཕ་ཡུལ་དུ་ལོག་མ་ཐག་བསང་ཆུ་རྫོང་སྤྱི་བདེ་ལས་ཁུངས་སོགས་ཀྱིས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་དང་དོགས་གཞི་འོག་ད་བར་ཐེངས་བཞི་ཙམ་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་པ་རེད།

ཁོང་གིས་བོད་ཕྱི་ལ་ཡོད་པའི་བོད་སྐད་རླུང་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཇིགས་ཞུམ་མེད་པར་བོད་ནང་གི་དཀའ་སྡུག་གནས་སྟངས་དང༌། གཞིས་ལུས་བོད་མིའི་རེ་འདུན་ངོ་མ་གསལ་བཤད་བྱས་ཡོད་འདུག

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||