ལྡི་ལིའི་རྒྱ་ནག་གཞུང་ཚབ་དུ་བོད་མི་ངོ་རྒོལ་བ་བཀག་ཉར།
ལྡི་ལི་མན་ཇིན་ཊི་ལ་བོད་མིའི་གཞིས་སྒར་གྱི་སློབ་གྲྭའི་མདུན་ཐང་དུ་བོད་ཀྱི་གསུམ་བཅུའི་དུས་དྲན་ཉིན་མོ་སྲུང་བརྩི་བྱས་ཡོད་པ་དང་། ཉིན་དེའི་གཞུང་འབྲེལ་མཛད་སྒོའི་ཐོག་ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་དང་། ས་གནས་ཀྱི་མཛད་གཙོ་རྣམ་པས་གསུམ་དུས་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
དེ་བཞིན་གཞུང་འབྲེལ་མཛད་སྒོ་ཚར་པ་དང་། ལྡི་ལིའི་རྗན་ཏར་མན་ཏར་དུ་མི་མང་གིས་ཁྲོམ་སྐོར་ལས་འགུལ་སྤེལ་གྱི་ཡོད་པ་དང་། ལས་འགུལ་བ་ཚོའི་ཆས་གོས་ནག་པོ་དང་། བོད་ཀྱི་རྒྱལ་དར་རྟགས་ཅན་གྱི་སྟོད་གོས་གོན་མཁན་གྱི་གཞོན་སྐྱེས་མང་པོ་འདུག
ལྡི་ལི་རོ་ཧི་ན་ས་གནས་གཞོན་ནུའི་དྲུང་ཆེས་འགྲེལ་བརྗོད་གནང་བ་ལྟར་ན། མི་མང་གི་ཁྲོམ་སྐོར་ནང་གཞོན་ལྷན་གྱི་ཚོགས་མི་ཚོ་མཉམ་ཞིག་བྱེད་ཀྱི་ཡོད་ལ། ཉིན་དེར་གཞོན་ནུའི་ཚོགས་མི་༦༠ ཙམ་ཞིག་ཞོགས་པ་སྔ་པོ་ནས་རྒྱ་ནག་གི་གཞུང་ཚབ་ཡོད་སར་བསྐྱོད་པ་དང་། ཁོང་ཚོས་རྒྱ་ནག་གཞུང་ཚབ་ནང་རྒོད་མཆོང་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་བསྒྲིགས་འདུག་ལ། དུས་རྒྱུན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས་བོད་མི་ལས་འགུལ་བ་ཚོ་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱེད་ཀྱི་ཡོད་པ་ལྟར། ཉིན་དེར་ཡང་ལས་འགུལ་བ་ཚོ་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད།
ཉིན་དེའི་ལས་འགུལ་ནང་ཞུགས་མཁན་ལྡི་ལིའི་གཙུག་ལག་མཐོ་སློབ་ཏུ་སློབ་གཉེར་བྱེད་བཞིན་པའི་དཔལ་ལྡན་བསོད་ནམས་ལ་ལས་འགུལ་དེའི་ཚོར་སྣང་སྐར་བཅར་འདྲི་བྱས་པར། ཁོང་གིས། “གསུམ་བཅུའི་དུས་དྲན་ནི་བོད་མི་ཚོའི་རྒྱ་མི་བོད་ནས་ཕྱིར་ཕུད་དགོས་པའི་ལས་འགུལ་ཞིག་རེད་ལ། ད་ཐེངས་འདིར་ལས་གུས་དྲན་དངོས་གནས་དེ་མེད་པ་ཆགས་ཡོང་གི་ཡོད་པ་ནི་སེམས་པ་སྐྱོ་དགོས་པ་ཞིག་རེད། དངོས་གནས་བཤད་ན་དུས་དྲན་ནི་ཉིན་དེར་ག་རེ་བྱུང་མིན་དང་། དེའི་སྐབས་ཀྱི་འབོད་ཚིག་ཁག་དྲན་གསོ་དགོས་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་སོང་།
གསུམ་བཅུའི་དུས་དྲན་ནི་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་ཏེ། ༡༩༥༩ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་མི་མང་གིས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱས་པའི་ཉིན་མོ་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་ལྡི་ལི་ནས།