བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྒོ་རུ་ཇོ་ནང་པའི་ཞི་འབོད།
ཟླ་འདིའི་ཚེས་༢༨ ཉིན་གྱི་སྔ་དྲོ་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཉིན་མཐའ་མའི་སྐབས། ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་ཞེས་གྲོས་ཚོགས་སྒོ་རུ་ཇོ་ནང་པ་བརྒྱ་སྐོར་ཞིག་གིས་ཞི་འབོད་བྱེད་ཀྱི་ཡོད་པ་དང་། གཙོ་བོ་ཐེངས་འདིའི་གྲོས་ཚོགས་ནང་ཇོ་ནང་པར་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་པ་མང་མོས་མ་བྱུང་བས་རྐྱེན་ཡིན་པ་རེད།
དེ་ཡང་ཉིན་དེར་དྷ་ས་གངས་སྐྱིད་སྒོ་ཆེན་ནས་གོམ་བགྲོད་ཀྱིས་གྲོས་ཚོགས་སྒོ་རུ་བསྡད་ཡོད་པ་དང་། ཁོང་ཚོས་དགོས་འདུན་དོན་ཚན་བཞི་བཏོན་ཡོད་པ་དང་། ༡ གཞིས་བྱེས་བོད་མི་ཁྲི་ཕྲག་མང་པོས་ལོ་ངོ་བཅོ་བརྒྱད་ལྷག་རིང་སྙན་ཞུ་བརྒྱ་ཕྲག་ལྷག་ཕུལ་བ་རྩིས་མེད་བཏང་དགོས་དོན་ཅི་ཡིན་གསལ་བཤད་བྱ་དགོས།
༢ ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོའི་གཙོས་ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་ཇོ་ནང་པར་རྒྱབ་གཉེར་སྤྲད་པའི་ཡིག་ཆ། དེ་བཞིན་དུ་ཆོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་བཅས་རྩིས་མེད་བཏང་དོན་ཅི་ཡིན་གསལ་བཤད་བྱ་དགོས།
༣ ཐེངས་འདིའི་གྲོས་ཚོགས་སྟེང་དྲང་བདེན་མིན་པའི་ཐག་གཅོད་ལ་ངོས་ལེན་མེད་པར་མ་ཟད། བགྲོ་གླེང་ཙམ་ཡང་མ་བྱས་པའི་དགོངས་དོན་ཅི་ཡིན་གསལ་བཤད་བྱ་དགོས།
༤ སྐབས་བཅུ་དྲུག་པའི་འོས་བསྡུའི་ལས་རིམ་འགོ་འཛུགས་མ་གནང་བའི་སྔོན་དུ། ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་ཕྱོགས་ཐག་གཅོད་གནང་དགོས། དོན་ཚན་བཞི་པོར་ཡ་ལན་ཁ་གསལ་མ་བྱུང་བར་དུ། གྲོས་ཚོགས་སྒོ་རུ་ཞི་རྒོལ་འདི་མཚམས་འཇོག་མི་བྱེད་པའི་དམ་བཅའ་ཡིན་ཞེས་བསྒྲགས་འདུག
ལས་འགུལ་ནང་འཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་དང་། སིམ་ལ་ཇོ་ནང་མ་དགོན་གྱི་མཁན་པོ་དབུས་ལས་སྣེ་རྣམས། བལ་ཡུལ་ཇོ་ནང་དགོན་པའི་ལས་སྣེ། ལྷོ་ཕྱོགས་གདན་ས་ཁག་ཏུ་སློབ་གཉེར་གནང་བཞིན་པའི་ཇོ་ནང་གྲྭ་པ་ཁ་ཤས། དྷ་ས་དང་ལྡི་ལིར་གནས་སྡོད་ཇོ་ནང་ཆོས་བརྒྱུད་འཛིན་པ་སོགས་སེར་སྐྱ་མི་མང་བརྒྱ་སྐོར་ཞིག་འདུག །
བཙན་བྱོལ་ནང་ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་དགོས་སྐོར་གྱི་སྙན་ཞུ་མང་པོ་བཏང་ཡོད་པ་དང་། ཐེངས་འདིའི་གྲོས་ཚོགས་ནང་ཇོ་ནང་སྤྱི་འཐུས་དགོས་པའི་གཞུང་འབྲེལ་ཁྲིམས་འཆར་བཏོན་ནའང་། སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོས་ཇོ་ནང་ས་སྐྱའི་ཁོངས་གཏོགས་ཡིན་པ་དང་། གལ་སྲིད་དེ་ལ་སྤྱི་འཐུས་ཐོབ་ཐང་སྤྲད་ན། དེ་འདྲ་བ་མང་པོ་ཡོད་སྐོར་བརྗོད་དེ་དགག་པ་བརྒྱབ་པ་དང་། མཐར་མང་མོས་ཀྱིས་བརྒྱ་ཆ་མ་ལོན་ནས་སྤྱི་འཐུས་གཏན་འབེབས་བྱེད་ཐུབ་མེད་པ་རེད།
ཟླ་འདིའི་ཚེས་༢༨ ཉིན་གུང་གྲོས་ཚོགས་མཇུག་བསྒྲིལ་ཡོད་པ་དང་། གྲོས་ཚོགས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་མཇུག་བསྡོམས་གསུང་བཤད་གནང་སྐབས། ཇོ་ནང་སྐོར་གསུང་སྐབས། གྲོས་ཚོགས་ནང་ཐག་གཅོད་གང་བྱས་པ་དེ་མང་གཙོའི་ལམ་ལུགས་ཐོག་ནས་བྱེད་ཀྱི་ཡོད་སྐོར་དང་། ད་ཐེངས་ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་དགོས་པ་གཏན་འབེབས་བྱེད་ཐུབ་མེད་ནའང་། མ་འོངས་པར་ཡང་ཁོང་ཚོས་ཞི་འབོད་བྱེད་སྟངས་ཚད་དང་ལྡན་པ་བྱས་ཏེ། ལམ་ཁ་ཞིག་སྤྲོད་ཐུབ་ན་རྗེས་མ་ལྟ་ཆོག་སྐོར་དང་། བགྲོ་གླེང་བྱེད་རྒྱུ་ཚོགས་གཙོས་གང་ཡང་བཀག་མེད། སྤྱི་འཐུས་ཚོས་གང་ཡང་མ་གསུངས་ན་ཚོགས་གཙོར་ཐབས་ཤེས་མེད་སྐོར། ད་ཐེངས་གྲོས་ཚོགས་ནང་གྲོས་བསྡུར་བྱས་ཚར་ཞིག་ཡིན་པ་དང་། དེ་རིང་བསྐྱར་དུ་གྲོས་ཚོགས་ནང་འཁྱེར་དགོས་པ་མཐོང་གི་མེད་སྐོར་གསུངས་སོང་།
གསར་འགོད་པ་ཆོས་ཉིད་འོད་ཟེར།