ཆར་བ་བབས་ན་དབང་ཞུ་བ་མི་མང་ལ་དཀའ་ངལ་འདུག

ཁ་སང་ཞོགས་པར་ཆར་བ་གཏོང་སྐབས་ནང་ལ་ཐིགས་ཆུ་ཡོང་སྟེ། ནང་གི་ཅ་ལག་ཚང་མ་རློན་པ་བཟོས་སོང་ལ།མི་ཁ་ཤས་ཀྱི་ཉལ་ས་ཡང་སྤོ་དགོས་བྱུང་སོང་། དེས་དཀའ་ངལ་འདུག་ཅེས་སྤི་ཏི་ནས་ཡིན་པའི་ཆོས་ཞུ་བ་དགེ་བཤེས་ངག་དབང་དཔལ་འབྱོར་གྱིས་བརྗོད་བྱུང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༤ཉིན་སྟེ་༧གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ། དུས་དབང་ཐེངས་༣༣ པ་དབུ་འཛུགས་གནང་པའི་ཉིན་གཉིས་པའི་ཞོགས་པར།གསར་འགོད་པ་ཞི་བའི་ཚལ་ཕོ་བྲང་ནས་སྤྱི་ལེ་གཅིག་དང་ཕྱེད་ཀྱི་སར་ཡོད་པའི་ཆོས་ཞུ་བའི་སྡོད་སྒར་དུ་སོང་སྟེ།ཆོས་ཞུ་བ་ཁག་ཅིག་དང་མཉམ་སྡོད་གུར་དང་། གློགཆུ།གསང་སྤྱོད་སོགས་ཀྱི་དཀའ་ངལ་ཡོད་མེད་ཐད་ནས་ཁ་བརྡ་བྱས་ཡོད།

today1སྤི་ཏི་ནས་ཡིན་པའི་ཆོས་ཞུ་བ་དགེ་བཤེས་ངག་དབང་དཔལ་འབྱོར་ལ། ཁྱེད་རང་ཚོ་འདིར་འདུག་ས་ག་འདྲ་འདུག་ཅེས་དྲིས་པར། ཁོང་གིས་ང་ཚོ་འདིར་གུར་གྱི་ནང་བསྡད་ཡོད་རེད། དེར་བརྟེན་གུར་དེ་ཚོ་ཁོད་སྙོམས་པོ་མེད་པ་དང་།གུར་ཁ་ཤས་ལ་ཨི་ཁུང་ཡོད་པར་བརྟེན་ཆར་བ་བབས་ན་དཀའ་ངལ་འདུག ཁ་སང་ཞོགས་པར་ཆར་བ་གཏོང་སྐབས་ནང་ལ་ཐིགས་ཆུ་ཡོང་སྟེ།ནང་གི་ཅ་ལག་ཚང་མ་རློན་པ་བཟོས་སོང་ལ། མི་ཁ་ཤས་ཀྱི་ཉལ་ས་ཡང་སྤོ་དགོས་བྱུང་སོང་། དེས་དཀའ་ངལ་འདུགདེར་བརྟེན་ང་ཚོ་གོ་སྒྲིག་པའི་སར་འགྱིག་ཤོག་ཅིག་སློང་སར་སོང་ཡིན། ཡིན་ན་ཡང་མི་ཚང་མར་སྤྲད་ཀྱི་ཡོད་མ་རེད་ཟེར་ནས་སྤྲད་མ་སོང་། སྤྱི་བཏང་ཆར་བ་མ་བབས་ན་འགྲིག་འདུག ཆར་བ་བབས་ན་དཀའ་ངལ་འདུག་ཅེས་བརྗོད་བྱུང་།

ཡང་ཁོང་ལ་ཆུ་དང་། གློགགསང་སྤྱོད་དེ་ཚོ་ག་འདྲ་འདུག་ཅེས་དྲིས་པར།“ཁོང་གིས་གློག་གི་དཀའ་ངལ་མི་འདུག ཆུ་དེ་དུས་ཚོད་གཅིག་ལ་མ་གཏོགས་གཏོང་གི་མི་འདུག་ཀྱང་དེ་འགྲིག་འདུགཡིན་ན་ཡང་གསང་སྤྱོད་ལ་སྒོ་མེད་པ་དང་། ཕོ་མོ་དབྱེར་མེད་ཀྱིས་གསང་སྤྱོད་གཅིག་བེད་སྤྱོད་གཏོང་དགོས་ཀྱི་འདུགདེ་བཞིན་ཁྲིས་ཁང་ནང་གི་ཆུ་ཕྱི་ལོགས་ལ་འགྲོ་ས་བཟོས་མེད་པར་བརྟེན་ཆུ་ཚང་མ་ཁྲིས་ཁང་ནང་ཁེངས་ཡོང་བ་སོགས་ཀྱི་དཀའ་ངལ་འདུག ད་དུང་དཀལ་ངལ་གཞན་ཞིག་ལ་ང་ཚོ་ཆོས་ཞུ་སར་སོང་རྗེས་གུར་དང་ཅ་ལག་ལ་ལྟ་མཁན་མི་འདུག སྤྱིར་བཏང་ང་ཚོར་ཅ་ལག་རྩ་ཆེན་པོ་བརླགས་རྒྱུ་མེད་ཀྱང་། ཅ་ལག་དེ་ཚོ་གུར་སྟོང་པའི་ནང་བཞག་ནས་འགྲོ་དགོས་ན་མི་མང་ས་རེད།སྟབས་བདེ་པོ་ཞིག་རེད་མི་འདུག”་ཅེས་བརྗོད་བྱུང་།

སྤི་ཏི་ནས་ཡིན་པའི་ཆོས་ཞུ་བ་རྡོ་རྗེས་“ང་རང་དུས་འཁོར་དབང་ཆེན་ཞུ་སར་ཐེངས་ཁ་ཤས་བཅར་བ་ཡིན།སྐབས་དེ་ཚོའི་དུས་འཁོར་དབང་ཆེན་གོ་སྒྲིག་བྱེད་ཕྱོགས་དང་བསྡུར་ན།ད་ལོའི་གོ་སྒྲིག་ཅུང་ཟད་སྐྱོ་བ་རེད།ཡིན་ན་ཡང་ས་ཆའི་གནས་བབ་ཀྱི་ཆ་ནས་བཤད་ན་འགྲིག་འདུག གང་ཡིན་ཟེར་ན་ལུང་པའི་གནས་སྟངས་སྐྱོ་བོ་རེད།དགོང་མོར་ཆར་བ་བརྒྱབ་ན་ཐིགས་ཆུ་ཡོང་གི་འདུག དཀའ་ངལ་འདུགདེ་བཞིན་གསང་སྤྱོད་ལ་སྒོ་རྒྱག་རྒྱུ་མི་འདུག དེར་བརྟེན་ང་ཚོས་བེད་སྤྱོད་གཏོང་གི་མེད་ཕྱི་ལོགས་སུ་འགྲོ་ཡི་ཡོད། གང་ཡིན་ཟེར་ན། སྐྱེས་དམན་དེ་འདྲ་སླེབས་ཡོང་ན་སྒོ་རྒྱག་རྒྱུ་ཡོད་མ་རེད་ཡག་པོ་མི་འདུགདེར་དཀའ་ངལ་འདུག་མ་གཏོགས་གཞན་འགྲིག་འདུག་”ཅེས་བརྗོད་བྱུང་།

ཚེ་རིང་དངོས་གྲུབ།
ཚེ་རིང་དངོས་གྲུབ།

ལ་དྭགས་ཟངས་དཀར་ནས་ཡིན་པའི་ཆོས་ཞུ་བ་ཚེ་རིང་དངོས་གྲུབ་ལ། ཁྱེད་རང་གིས་ལ་དྭགས་ནས་༧གོང་ས་མཆོག་མཇལ་རྒྱུ་བྱུང་སྐབས་ཚོར་བ་ག་འདྲ་བྱུང་ཞེས་དྲིས་པར། ཁོང་གིས་“ཡིད་བཞིན་ནོར་བུ་མཇལ་རྒྱུ་བྱུང་བ་རེད།ད་ཤི་ན་ཡང་འགྱོད་པ་མེད། བླ་མའི་བཀའ་དྲིན་གྱིས་བཟའ་རྒྱུ་འཐུང་རྒྱུ་ཚང་མ་ཡོད་རེད།ང་ཚོ་འདིར་དཀའ་ངལ་མི་འདུགང་རང་འགྲོ་མྱོང་མེད་ཀྱང་། བོད་ལ་ཆ་བཞག་ན་བླ་མའི་ས་ནས་ཆོས་ཞུ་རྒྱུ་རག་གི་མི་འདུག་ཟེར། ལོ་རྒྱུས་ཐོག་ང་ཚོ་ལ་དྭགས་པ་ཚོེ་བོད་རིགས་རེད། ང་ཚོ་དེ་སྔོན་བོད་ལ་རང་དབང་ཐོབ་ཆེད་ཟླ་བ་གསུམ་གྱི་རིང་ཞི་བའི་གོམ་བགྲོད་ལ་སོང་ཡིན་”ཞེས་བརྗོད་བྱུང་།

དེི་རིང་སང་ཉིན་གཉིས་༧གོང་ས་མཆོག་གིས་དུས་དབང་གི་བསྒྲུབ་གཞག་གནང་གི་ཡོད་པས་མི་མང་ལ་དམིགས་བསལ་ཆོས་འབྲེལ་མེད་པར་བརྟེན། ཆོས་ཞུ་བ་ཚོ་ཞི་བའི་ཚལ་ཉེ་ཁྲིས་ཀྱི་དགོན་པ་ཁག་ལ་མཆོད་མཇལ་དུ་འགྲོ་ཡི་འདུག

ལ་དྭགས་ཀྱི་རྒྱལ་ས་གླེ་ནས་གསར་འགོད་པ་བྲག་མགོ་བློ་བཟང་མཁྱེན་བརྩེས།