དུས་འཁོར་དབང་ཆེན་ཐེངས་༣༣པ་དབུ་འཛུགས།

མི་མང་ཚུར་བསྡུ་ཐབས་དེ་དུས་འཁོར་དབང་ཆེན་ཡོད་ཅེས་བསྡུ་ཡི་ཡོད་པ་དང་། བསྡུ་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ནང་ཆོས་ངོ་སྤྲོད་བྱ་རྒྱུ་དེ་རེད་ཅེས། ༧གོང་ས་མཆོག་གིས་ལ་དྭགས་སུ་དུས་འཁོར་དབང་ཆེན་ཐེངས་༣༣ པའི་ཐོག་གསུངས་སོང་།

4དེ་ཡང་ཟླ་འདིའི་ཕྱི་ཚེས་༣ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠། ༣༠ ཀྱི་སྟེང་།ལ་དྭགས་ཀྱི་རྒྱལ་ས་གླེ་ནས་སྤྱི་ལེ་༨ཀྱི་སར་ཡོད་པའི་ཞི་བའི་ཚལ་ཕོ་བྲང་དུ་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་༣༣ པ་དེ་དབུ་འཛུགས་གནང་སོང་ལ། ཐེངས་འདིར་༧གོང་ས་མཆོག་གིས་ལ་དྭགས་ཀྱི་ཆོས་ཞུ་བ་མི་གྲངས་སྟོང་ཕྲག་༧༠ ཙམ་དང་། ཧི་མ་ཅལ་མངའ་སྡེ་ནས་ཆོས་ཞུ་བ་མི་གྲངས་ཁྲི་༡ ཡས་མས། དེ་བཞིན་བོད་ནང་དང་ཕྱི་རྒྱལ། གཞིས་ཆགས་ཁག་བཅས་ཀྱི་ཆོས་ཞུ་བ་མི་གྲངས་སྟོང་ཕྲག་༣༠ ཙམ་བཅས་ཁྱོན་ཆོས་ཞུ་བ་མི་གྲངས་འབུམ་གཅིག་ལྷག་ལ། ཟླ་འདིའི་ཕྱི་ཚེས་༣ནས་༡༤བར་ཉིན་གྲངས་༡༡རིང་དུས་དབང་གི་སྔོན་འགྲོའི་གསུང་ཆོས་དང་། དུས་འཁོར་གྱི་ཆོ་ག་བསྒྲུབ་གཞགདེ་བཞིན་སྟ་གོན་གྱི་བཀའ་དབང་དང་། དངོས་གཞིའི་བཀའ་དབང་། ཤེས་སྤྲིངས་སོགས་ཀྱི་ཆོས་འབྲེལ་གནང་རྒྱུ་རེད་འདུག

སྐབས་དེར་༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་སྔོན་འགྲོའི་ནང་ཆོས་ངོ་སྤྲོད་གནང་སྐབས། “དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དེ་སྔགས་བླ་མའི་རྒྱུད་སྡེ་གཞན་དང་མི་འདྲ་བར།མང་ཚོགས་རྒྱ་ཆེན་པོར་གནང་རྒྱུའི་ཕྱག་སྲོལ་ཞིག་ཡོད་རེད། ངས་གླིང་རིན་པོ་ཆེའི་སྐུ་མདུན་ནས་དུས་འཁོར་དབང་ཆེན་ཞུས་པ་རེད། དེ་ནས་རིམ་གྱིས་བོད་ནས་དུས་འཁོར་དབང་ཆེན་ཐེངས་གཉིས་དང་། རྒྱ་གར་དུ་སླེབས་ནས་ཁྱོན་བསྡོམས་དུས་འཁོར་དབང་ཆེན་ཐེངས་༣༠ལྷག་ཅིག་གནང་ཡོད་རེད། ངས་དུས་ཀྱི་འཁོར་ལོའི་ཉམས་ལེན་དམིགས་བསལ་གྱིས་བྱ་ཐུབ་པ་དེ་འདྲ་མི་འདུགཡིན་ན་ཡང་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད་རེད། རྒྱ་གར་དུ་སླེབས་ནས་དུས་འཁོར་དབང་ཆེན་ཐེངས་དང་པོ་དེ་དྷ་སར་གནང་བ་རེད།སྐབས་དེའི་དུས་འཁོར་དབང་ཆེན་ཚར་རྗེས་ངའི་རྨི་ལམ་ནང་དུས་འཁོར་གྱི་དཀྱིལ་འཁོར་སྒང་ལ་བསྡད་ཡོད་པའི་རྨི་ལམ་ཞིག་བཏང་སོང་། རྗེས་ནས་དུས་འཁོར་དབང་ཆེན་ཐེངས་མང་པོར་གནང་དགོས་པའི་ཚོར་བ་བྱུང་། ཡིན་ན་ཡང་ཞེ་དྲག་ཆ་འཇོག་བྱེད་རྒྱུ་ཡོད་མ་རེད། ད་ལྟའི་བར་དུས་འཁོར་དབང་ཆེན་མང་པོ་ཞིག་གནང་བ་རེད། དེའི་དགེ་མཚན་གཅིག་དེ་དུས་འཁོར་དབང་ཆེན་གྲགས་པ་ཆེན་པོ་ཡིན་པར་བརྟེན་མི་མང་པོ་འཛོམས་ཀྱི་ཡོད་རེད། ངས་སྐབས་དེར་དགོས་པ་ཆེན་པོ་བརྩི་ཡོད་པ་དེ་སྔོན་འགྲོའི་ཆོས་བཤད་ནང་ཆོས་ངོ་སྤྲོད་བྱ་རྒྱུ་དེ་རེད། དེར་བརྟེན་མི་མང་ཚུར་བསྡུ་ཐབས་དེ་དུས་འཁོར་དབང་ཆེན་ཡོད་ཅེས་བསྡུ་ཡི་ཡོད་པ་དང་། བསྡུ་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ནང་ཆོས་ངོ་སྤྲོད་བྱ་རྒྱུ་དེ་རེད།ངས་ནམ་རྒྱུན་དེ་འདྲ་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།

2༧གོང་ས་མཆོག་གིས་མུ་མཐུད་དུ་གསུང་དོན། “སྤྱིར་ཚང་མས་ཤེས་གསལ་རེད། འཛམ་གླིང་འདིའི་ཐོག་ཆོས་ལུགས་མང་པོ་ཞིག་ཡོད་རེད།སངས་རྒྱས་པའི་ཆོས་ལུགས་མ་བྱུང་གོང་ནས་རྒྱ་གར་ནང་གྲངས་ཅན་པའི་ཆོས་ལུགས་བྱུང་ཡོད་རེད།དེ་ནས་རིམ་གྱིས་མུ་སྟུག་པའི་ཆོས་ལུགས་མང་པོ་ཞིག་བྱུང་བསྡད་ཡོད་རེད། དེ་བཞིན་ཡེ་ཤུ་དང་། ཁ་ཆེ། རྗེའུ་སོགས་ཀྱི་ཆོས་ལུགས་རྒྱ་གར་ནང་དར་སྤེལ་བྱུང་ཡོད་རེད། དེར་བརྟེན་དུས་ད་ལྟ་རྒྱ་གར་འཕགས་པའི་ཡུལ་དེ། འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མ་ཡོད་སའི་ལུང་པ་ཞིག་ཆགས་བསྡད་ཡོད་རེད། ཆོས་ལུགས་ཚང་མ་ཡོད་པ་ཙམ་དུ་མ་ཟད་ཕན་ཚུན་ལ་ངོས་འཛིན་ཡོད་པ་ཆགས་ཡོད་རེད།རྙོག་དྲ་ཕྲན་བུ་རེ་ཡོང་གི་རེད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་ཞེ་དྲག་གི་ཡག་པོ་རེད་འདུགརྒྱ་གར་ནང་ཆོས་ལུགས་ཚང་མ་ཡོད་པ་དེ་འཛམ་གླིང་གི་མིག་དཔེ་འོས་པ་ཞིག་ཆགས་ཡོད་རེད་”ཅེས་དང་།

ཡང་༧གོང་ས་མཆོག་གིས་ཆོས་ཟེར་བའི་ཚིག་གི་གོ་དོན་ངོ་སྤྲོད་གནང་དོན། “ཆོས་ཟེར་བ་དེ་ག་རེ་རེད་ལབ་ན། ལེགས་སྦྱར་སྐད་ཀྱི་ནང་དྷར་མ་ཞེས་འཛིན་པ་དང་སྐྱོབ་པའི་དོན་རེད། ང་རང་ཚོ་ཚང་མ་སྡུག་བསྔལ་མི་འདོད་མཁན་ཤ་སྟག་རེད།སྲོག་ཆགས་གྲོག་འབུ་ཚུན་ཆད་ཀྱིས་སྡུག་བསྔལ་འདོད་ཀྱི་ཡོད་མ་རེད། རིས་སུ་མཆིས་པའི་ཆོས་ལུགས་ཚང་མའི་དམིགས་ཡུལ་དེ་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དེ་རེད། སྡུག་བསྔལ་ཡོང་བའི་རྒྱུ་གཙོ་བོ་དེ་ང་ཟེར་ནས་སོ་སོ་རྩ་ཆེན་པོར་བརྩིས་པ་དེས།སེམས་ལ་རྔམ་སྐྲག་དང་། དོགས་པ་སླེབས་ཀྱི་ཡོད་རེད། དེ་བཞིན་གཅིག་གིས་གཅིག་ལ་ཡིད་ཆེས་བརླགས་ཀྱི་ཡོད་རེད།གནས་སྟངས་དེ་འདྲའི་ཐོག་ནས་འཁྲུག་བསྡད་པ་ཞིག་ཡོང་གི་ཡོད་རེད། དེར་བརྟེན་སྡུག་བསྔལ་དེ་དག་ཡོང་སའི་རྒྱུ་དེ་ང་འཛིན་རེད། དེའི་གཉེན་པོ་དེ་གཞན་ལ་གཅེས་པའི་བློ་དེ་རེད། གཞན་ལ་གཅེས་པའི་བློ་ཡོད་ན་སོ་སོ་གྲོགས་མེད་གཅིག་པུ་ཡིན་པའི་སྣང་བ་དེ་ཡོང་གི་མ་རེད།དེར་བརྟེན་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེ་གསུང་གི་ཡོད་རེད། དེ་ཙམ་དུ་མ་ཟད་དེང་སང་འཛམ་གླིང་ནང་ཆོས་ཁས་ལེན་མཁན་མི་དུང་ཕྱུར་དྲུག་ཅུ་ཡོད་པ་དང་། ཆོས་ཁས་མི་ལེན་མཁན་དུང་ཕྱུར་བཅུ་ལྷག་ཡོད་པ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་པ་རེད།དེར་བརྟེན་འགྲོ་བ་མིའི་བཟང་སྤྱོད་ཟེར་བ་འཛམ་གླིང་གི་མི་ཚང་མར་འབྲེལ་བ་ཡོད་པ་ཞིག་རེད།དྷར་མ་ཟེར་བ་དེ་སྡུག་བསྔལ་ལས་སྐྱོབ་པའི་དོན་རེད། སྡུག་བསྔལ་ལས་སྐྱོབ་ཟེར་བ་དེ་ཡང་ལུས་ཀྱི་སྡུག་བསྔལ་གཅིག་པུ་མ་རེད། གཙོ་བོ་སེམས་ཀྱི་ནང་མ་སྐྱིད་པ་ཡོང་བའི་སྡུག་བསྔལ་དེ་དག་ལས་སྐྱོབ་ཡ་དེ་རེད། དེ་ཆོས་ལ་དད་པ་ཡོད་མེད་ཚང་མས་ཤེས་དགོས་ཀྱི་ཡོད་རེད། ངས་ནམ་རྒྱུན་སངས་རྒྱས་པའི་ཆོས་དེ་ལྟ་བ་དང་སྤྱོད་པ་གཉིས་རེད། སྤྱོད་པ་དེ་སྤྱོད་པ་འཚེ་བ་མེད་པ་དང་། ལྟ་བ་དེ་རྟེན་འབྱུང་གི་ལྟ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟེར་ནས་བཤད་ཀྱི་ཡོད།འཚེ་བ་མེད་པ་ཟེར་བ་དེ། གཞན་ལ་བརྩེ་བ་ཡོད་ན་འཚེ་བ་མེད་པ་ཡོང་གི་ཡོད་རེད། གཞན་ལ་བརྩེ་བ་མེད་ན་འདྲ་ཆགས་པོ་ག་རེ་བྱས་ན་ཡང་དོན་གྱིས་འཚེ་བ་ཡོང་གི་ཡོད་རེད། ང་རང་ཚོའི་བདེ་བ་དང་སྡུག་བསྔལ་དེ་དག་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་རེད་”ཅེས་གསུངས་ཏེ། བདེ་བ་དང་སྡུག་བསྔལ་གཉིས་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པར་བརྟེན། རྒྱུ་དགེ་བ་བསྒྲུབ་ན་འབྲས་བུ་བདེ་བ་ཡོང་གི་ཡོད་པ་དང་།རྒྱུ་མི་དགེ་བ་བསྒྲུབ་ན་འབྲས་བུ་སྡུག་བསྔལ་ཡོང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

མཐར་༧གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་དུས་དབང་གི་སྟ་གོན་ངོ་མ་དེ་སེམས་པས་བྱེད་དགོས་ཀྱི་ཡོད་པར་བརྟེན།སངས་རྒྱས་ཆོས་ཚོགས་མ་བསགས་ཏེ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྐོར་ལ་བསམ་བློ་གཏོང་དགོས་སྐོར་དང་། དེ་བཞིན་རྩ་བ་ཤེས་རབ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། དེ་ནི་སྟོང་པ་ཉིད་དུ་བཤད།། དེ་ལ་བརྟེན་ནས་བཏགས་པ་དེ། དེ་ཉིད་དབུ་མའི་ལམ་ཡིན་ནོ།།གང་ཕྱིར་རྟེན་འབྱུང་མ་ཡིན་པའི།།ཆོས་འགའ་ཡོད་པ་མ་ཡིན་ནོ།། དེ་ཕྱིར་སྟོང་པ་མ་ཡིན་པའི།།ཆོས་འགའ་ཡོད་པ་མ་ཡིན་ནོ།། ཞེས་པ་བསགས་ཏེ་ཤེ་རབ་དང་སྟོང་ཉིད་ལ་བསམ་བློ་གཏོང་དགོས་སྐོར་སོགས་གསུངས་སོང་།

ཕྱི་ལོ་༢༠༡༤ལོའི་དུས་འཁོར་དབང་ཆེན་ཐེངས་༣༣པ་དེ་ལ་དྭགས་ནང་ཚོགས་དང་དགོན་ཚོགས།བོད་ཀྱི་ཀོང་པོ་དང་ཅོ་ནང་བཅས་ཀྱིས་གོ་སྒྲིག་བྱས་ཡོད་ཅིང་། ཐེངས་འདིའི་དུས་འཁོར་དབང་ཆེན་སྐབས་ལ་དྭགས་དང་། དབྱིན་ཇི།ཀོ་རི་ཡ།རྒྱ་གར།ཨུ་རུ་སུ།ཝེ་ཏི་ནམ། ཧྥ་རན་སི།སི་པེན། རྒྱ་ནགསོག་པོ།ཉི་ཧོང་། ཨི་ཊ་ལིའི་སྐད་བཅས་སྐད་རིགས་མི་འདྲ་བ་༡༢ནང་གསུང་བསྒྱུར་གནང་གི་ཡོད་པ་དང་། དེ་བཞིན་བོད་སྐད་དང་།དབྱིན་སྐད། ཀོ་རི་ཡ།ཉི་ཧོང་།ཝེ་ཏི་ནམ།རྒྱ་ནག་བཅས་ཀྱི་སྐད་ཐོག་ཐད་ཀར་རྒྱང་གཏོང་གནང་གི་ཡོད་པ་རེད།

ཐེངས་འདིའི་གོ་སྒྲིག་པས་དུས་འཁོར་དབང་ཆེན་སྐབས་ཀྱི་མཛད་རིམ་ཡིག་ཆ་ཞིག་འགྲེལ་སྤེལ་བྱས་པའི་ནང་། དུས་འཁོར་ཞེས་པའི་ཚིག་གི་གོ་དོན་དང་དེའི་དབྱེ་བ་ཁག་ངོ་སྤྲོད་བྱས་པ་ལྟར་ན། དུས་འཁོར་ཞེས་པའི་ཚིག་གི་གོ་དོན་ནི།དུས་ཀྱི་རེའུ་མིག་ལ་ཟེར་བ་དང་། དུས་འཁོར་ལ་དབྱེ་ན།ཕྱི་དུས་ཀྱི་འཁོར་ལོ་དང་། ནང་དུས་ཀྱི་འཁོར་ལོ།གཞན་དུས་ཀྱི་འཁོར་ལོ་བཅས་གསུམ་ཡོད་པ་ལས།ཕྱི་དུས་ཀྱི་འཁོར་ལོ་དང་ནང་དུས་ཀྱི་འཁོར་ལོ་གཉིས་ནི་གཙོ་བོ་དུས་དང་འབྲེལ་ནས་རྟོགས་ཐུབ།གཞན་དུས་ཀྱི་འཁོར་ལོ་ནི་སོ་སོ་རང་ཉིད་ཀྱིས་ཉམས་སུ་བླངས་ནས་གོང་གི་དུས་འཁོར་གཉིས་ལ་སྦྱང་གཞི་བྱས་ནས། དཔལ་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པའི་ཐབས་ལ་འབད་དགོས་ཞེས་བཀོད་འདུག

སྤྱིར་བཏང་ད་ལོའི་དུས་འཁོར་དབང་ཆེན་དེ་ལ་དྭགས་ཀྱི་གནམ་གཤིས་ཡག་ཤོས་ལ་གཏད་འདུག་པས། ཆོས་ཞུ་བ་ཚོར་གནམ་གཤིས་དྲོ་གྲངས་ཀྱི་དཀལ་ངལ་དེ་ཙམ་ཆེན་པོ་རེད་མི་འདུག་ཀྱང་། ལ་དྭགས་ས་མཐོ་ས་ཡིན་པར་བརྟེན་དབུགས་ལེན་དཀའ་བ་དང་། འཚོ་རླུང་གིས་མི་འདང་བ་སོགས་ཀྱི་དཀའ་ངལ། དེ་བཞིན་གསུང་ཆོས་ལ་འགྲོ་སའི་སྲང་ལམ་ཁག་ཏུ་རྡུལ་མང་པོ་ཡོད་པར་བརྟེན། ཆོས་ཞུ་བ་ཚོར་ཆམ་ནད་སོགས་ཀྱི་དཀའ་ངལ་རེ་ཟུང་རེ་ཡོང་གི་འདུག

༧གོང་ས་མཆོག་གིས་ཕྱི་ལོ་༡༩༧༦ ལོར་ལ་དྭགས་ཀྱི་རྒྱལ་ས་གླེ་དང་། ཕྱི་ལོ་༡༩༨༨ ལོར་ཟངས་དཀར་དུ་དུས་འཁོར་དབང་ཆེན་གནང་ཡོད་པར་བརྟེན། ཐེངས་འདིར་༧གོང་ས་མཆོག་གིས་ལ་དྭགས་སུ་དུས་འཁོར་དབང་ཆེན་གནང་བ་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད།

ལ་དྭགས་ཀྱི་རྒྱལ་ས་གླེ་ནས་གསར་འགོད་པ་བྲག་མགོ་བློ་བཟང་མཁྱེན་བརྩེས།