ལྷག་དཀར་སྲུང་བརྩིའི་ལས་འགུལ།

ཟླ་འདིའི་ཚེས་༢༣ སྟེ་༧གོང་ས་མཆོག་གི་སྐུའི་བླ་གཟའ་རེས་གཟའ་ལྷག་དཀར་ཉིན་དང་སྟབས་བསྟུན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་གཞིས་གྲོང་ཁག་དགུའི་སྔོན་འགྲོའི་སློབ་གྲྭར་འགྲོ་བཞིན་པའི་སློབ་ཕྲུག་ཚོའི་དེ་རིང་ནས་བཟུང་ལྷག་དཀར་སྲུང་བརྩིའི་ལས་འགུལ་དེ་སྤེལ་མགོ་བཙུགས་ཡོད་པ་རེད།

mundgod camps_2014_7_23དེ་ཡང་མོན་གྷོ་གཞིས་གྲོང་ཁག་དགུའི་ནང་གི་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་ཡོངས་ཚོགས་འདུ་འཚོགས་ནས་བོད་མིའི་འབྱུང་འགྱུར་གྱི་སོན་རྩ་བུ་ཕྲུག་ཚོའི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་མི་ཉམ་རྒྱུན་གནས་ཡོང་ཐབས་སུ་༧གོང་ས་མཆོག་གི་སྐུའི་བླ་གཟའ་རེས་གཟའ་ལྷག་དཀར་ཉིན་དང་སྟབས་བསྟུན། སྔོན་འགྲོའི་སློབ་ཕྲུག་ཚོའི་ཉིན་དེར་བོད་ཆས་གཙང་མ་གྱོན་ནས་བོད་སྐད་གཙང་མ་བཤད་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན་པ་རེད།

དེ་བཞིན་དགེ་རྒན་ཚོས་ཀྱང་ཉིན་འདིར་སྔོན་འགྲོར་འགྲོ་བཞིན་པའི་སློབ་ཕྲུག་ཚོར་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་སློབ་གསོ་དང་ལམ་སྟོན་གནང་རྒྱུ། བོད་མི་རིགས་ཀྱིན་སོན་རྩ་ཕྲུ་གུ་ཚོ་བོད་མི་དག་མ་ཞིག་དང་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ལ་རྒྱ་སེམས་གཏིང་ན་ཡོད་པའི་བོད་མི་རྣལ་མ་ཞིག་སྐྱེད་བསྲིང་བྱེད་རྒྱུར་འབད་བརྩོན་མུ་མཐུད་བྱེད་འཆར་ཡོད་པ་རེད།།

ལྷོ་ཕྱོགས་གསར་འགོད་པས།