གོང་ས་མཆོག་གིས་ཝཱ་ར་ཎ་སིར་གསུང་ཆོས་གནང་བཞིན་ཡོད་པ་རེད། 

གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་གནད་ཡོད་མི་སྣ་དང༌། ཝཱ་ཎ་མཐོ་སློབ་ཀྱི་དཔལ་ལྡན་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན་མཆོག་བཅས་ནས་སྤྲོ་བ་ཆེན་པོས་ཕོ་བྲང་ནང་དུ་གདན་འདྲེན་ཞུས་ཡོད་པ་རེད།     སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་འདིའི་ཚེ་༨ ནས་གསུང་ཆོས་འགོ་འཛུགས་གནང་བ་དང༌། ཚེས་༡༤ བར་བདུན་ཕྲག་གཅིག་ཙམ་རིང་སྤྱོད་འཇུག་ཆེན་མོ་དང༌། སྒོམ་རིམ་བར་པའི་གསུང་ཆོས་བཀའ་དྲིན་སྐྱོང་བཞིན་ཡོད་པ་དང༌། སྔ་དྲོ་ཆུ་ཚོད་༩ ནས་ ༡༡ བར་དང༌། ཉིན་རྒྱབ་ཆུ་ཚོད་༡ ནས་༣།༣༠ བར་ཉིན་རེར་ཕྱག་ཚོད་བཞིའི་རིང་གསུང་ཆོས་གནང་གི་ཡོད་པ་རེད། ཕྱི་ཚེས་༡༤ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ལ་བར་ཆད་ཀྱི་རིགས་ནམ་ཡང་མི་བཞེས་པར་སྐུ་ཁམས་རྡོ་རྗེའི་ཁམས་སུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་འགྲུབ་ཡོང་བར་དམིགས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་དང༌། མདོ་སྨད་ཆོལ་ཁ་བཅས་ནས་བརྟན་བཞུགས་འབུལ་བཞེས་གནང་གི་ཡོད་པ་རེད། ཕྱི་ཚེས་ ༡༥ ནས་ ༡༧ བར་ཉིན་གྲངས་གསུམ་གྱི་རིང་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་གནང་བའི་ཚན་རིག་དང་ནང་ཆོས་སྐོར་གྱི་ཚོགས་ཆེན་ཐོག་ྋགོང་ས་མཆོག་སྐུ་མགྲོན་གཙོ་བོ་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་འདུག
རྣམ་ཀུན་བཞིན་ྋགོང་ས་མཆོག་གི་གསུང་ཆོས་གནང་ཡུལ་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཆོས་ཞུ་བ་ཡོངས་ལ་ལམ་སྟོན་ཆེད་གསལ་བསྒྲགས་ཁང་ཆེད་འཛུགས་གནང་གི་ཡོད་པ་བཞིན་ད་རེས་ཡང་གསལ་བསྒྲགས་ཁང་གཉིས་བཙུགས་ནས་ཉིན་ལྟར་གསལ་བསྒྲགས་གནང་གི་ཡོད་པ་རེད། དུད་འགྲོ་རང་དབང་ཚོགས་ཆུང་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ནས་ཚོགས་པ་སོ་སོའི་དམིགས་ཡུལ་བཞིན་དམར་ཟས་ཀྱི་ཕན་གནོད་དང་བོད་ནང་གི་དངོས་ཡོད་བདེན་པ་ངོ་སྤྲོད་གནང་བ་ལ་སོགས་པའི་མི་མང་ལ་གོ་རྟོགས་ཡོང་ཆེད་ལས་འགུལ་ཤུགས་ཆེན་སྤེལ་གྱི་ཡོད་པ་དང༌། ལྷག་པར་དུ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་བོད་མི་རིགས་ཀྱི་ལག་རྩལ་དང་ནུས་པ་ག་རེ་ཡོད་པ་མི་མང་གི་མཁྱེན་རྟོགས་ཆེད་འཁོར་ལྔ་སྡེ་བཟང་པོའི་རྩ་ཐང་ཐོག་འགྲེམས་སྟོན་ཁང་ཞིག་གོ་སྒྲིག་ཞུས་ཡོད་པ་རེད།
ད་ཐེངས་ས་གནས་ཁག་མི་འདྲ་བ་མང་པོ་ཞིག་ནས་དད་ལྡན་ཆོས་ཞུ་བ་མི་མང་སྟོང་ཕྲག་ཉི་ཤུ་དང་ཉི་ཤུ་རྩ་གཉིས་ཡས་མས་ཞིག་འདུ་འཛོམས་བྱུང་ཡོད་ན་ཡང༌། རྒྱ་གར་གྱི་གསལ་ལམ་ཁག་གཅིག་ནས་མི་མང་སྟོང་ཕྲག་བཞི་བཅུ་ལྷག་ཙམ་འདུ་འཛོམས་ཡོད་ཚུལ་འཁོད་ཡོད་པ་རེད། གང་ལྟར་ཀྱང་ས་གནས་འདི་རུ་ནམ་རྒྱུན་གྱི་རྣམ་པ་ལས་ལྡོག་སྟེ་མི་མང་འདུ་འཛོམས་ཆེ་ཤོས་དེ་བྱུང་ཡོད་པ་དང༌། ལྷག་པར་དུ་གདན་ས་ཁག་ནས་སེར་མོ་བ་ཧ་ཅང་མང་པོ་ཕེབས་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་གི་གནད་ཡོད་མི་སྣ་ཁག་མང་པོ་ཞིག་ཀྱང་ཕེབས་ཡོད་པ་རེད། གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཐོག་མའི་འཆར་གཞི་ལས་བརྒལ་ཡོད་པ་མ་ཟད་ཆོས་ཞུ་བ་མང་པོ་ཞིག་ཆོས་རྭའི་ནང་མི་ཤོང་བར་ཕྱི་ལོགས་སུ་བཞུགས་དགོས་བྱུང་ཡོད་པ་རེད། དེ་བཞིན་སྔོན་དང་མི་འདྲ་བ་འཁོར་མངའ་སྡེ་བཟང་པོའི་གནས་མཆོག་ནས་སློབ་གྲྭ་བར་ཟ་ཁང་དང་ཚོང་ཁང་སྣ་ཚོགས་ཀྱིས་ཁེངས་ཡོད་པ་རེད།། ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།