ཁམས་སྐྱེ་དགུ་མདོ་རུ་གྲྭ་པ་ཞིག་གིས་རང་སྲེག་རྒྱ་རྒོལ་བྱས་ཡོད་འདུག
ཟླ་འདིའི་ཚེས་༩ ཉིན་གྱི་དགོང་མོའི་བོད་ནང་གི་ཆུ་ཚོད་༦ པ་ཡས་མས་ལ་ཁམས་ཡུལ་ཤུལ་སྐྱེ་རྒུ་མདོའི་གེ་སར་ཐང་ཆེན་གྱི་ཉེ་འགྲམ་དུ་བོད་པའི་གྲྭ་པ་བསོད་ནམས་སྟོབས་རྒྱལ་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་། འདས་གསོན་གྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
བོད་ནས་མིང་བརྗོད་འདོད་མེད་པ་ཞིག་གིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་གི་མིང་ལ་བསོད་ནམས་སྟོབས་རྒྱལ་དང་། རང་ལོ་༢༧ ། ཨ་ཕའི་མིང་ལ་ནང་ཆེན་བཀྲ་ཤིས། ཕ་ཡུལ་ཁམས་ནང་ཆེན་ནས་ཡིན་འདུག
ཁོང་གི་རང་ལུས་མེར་སྲེག་སྐབས། གཡས་གཡོན་དུ་མི་མང་པོ་ཡོད་པ་པར་ནང་མཐོང་རྒྱུ་ཡོད་པ་དང་། སྐབས་དེར་སྐུ་མ་གྲོངས་པར་སྨན་ཁང་དུ་ཁྲིད་པའི་གནས་ཚུལ་ཡོད་ནའང་། ་དེར་རྒྱ་གཞུང་གིས་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས། རྗེས་སུ་འདས་གྲོངས་སོང་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཕྱི་ཟླ་༧ ཚེས་༩ ཉིན་གྱི་དགོང་མོ་ནས་ཁོང་གི་རང་ལུས་མེར་སྲེག་བཏང་བའི་པར་སྤྱི་ཚོགས་འབྲེལ་མཐུད་དྲ་གནས་ཁག་ཏུ་འབྱོར་ཡོད་ནའང་། གནས་ཚུལ་གསལ་པོ་རྩད་གཅོད་ཐུབ་ཀྱི་མེད་པ་རེད། ད་ལྟ་བོད་ནང་དུ་རྒྱ་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱེད་མཁན་ཤེས་རྟོགས་བྱུང་བ་༡༤༢ ཟིན་ཡོད་པ་རེད།
རྒྱ་ནག་གཞུང་གི་དབང་བརྒྱུར་འོག་བོད་ནང་གི་བོད་དོན་ལས་འགུལ་མང་པོ་སྤེལ་སའི་ས་གནས་ཁག་ཏུ་དུས་རྒྱུན་བརྒྱུད་ལམ་བཀག་འགོག་དང་། དམ་དྲག་ཆེན་པོ་ཡོད་བྱེད་ཀྱི་ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟ་ན། འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་སླེབས་ལ་ཉེ་བའི་སྐབས་ནས། བྲག་མགོ་རྫོང་དང་། གསེར་རྟ་རྫོང་། འབའ་ཐང་རྫོང་ཐོག ལི་ཐང་སོགས་དཀར་མཛེས་ཁུལ་གྱི་ས་གནས་མང་པོར་སྐད་འཕྲིན་གྱི་བརྒྱུད་ལམ་བཀག་འགོག་བྱས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།