རིག་གནས་གསར་བརྗེ་ཆེན་མོའི་དུས་དྲན་ཐེངས་ང་བཅུ་པ།

ཕྱི་ཟླ་༥ པའི་ཚེས་༡༦ ཉིན་ནི་རྒྱ་ནག་དམར་ཤོག་ཚོགས་པས་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་སྤེལ་ཏེ་མི་ལོ་༥༠ འཁོར་བའི་དུས་དྲན་ཉིན་མོ་ཡིན་ཞིང་། ཕྱི་ཚེས་༡༧ ཉིན་གཞུང་འབྲེལ་བརྒྱུད་ལམ་སྟེང་རྩོམ་ཡིག་སྟེ་རིག་གསར་ལྟ་བུའི་ནོར་འཁྲུལ་བསྐྱར་དུ་འབྱུང་མི་བཅུག་རྒྱུ་མིན་སྐོར་བརྗོད།

1301131714492583--ss3-722x377ཟླ་༥ ཚེས་༡༧ ཉིན་གྱི་མཚན་མོའམ་ཐོ་རེངས་ཆུ་ཚོད་དང་པོའི་ཐོག་མི་དམངས་དྲ་བའི་སྟེང་<<མི་དམངས་ཉིན་རེའི་ཚགས་པར་>>གྱི་དཔྱད་བརྗོད་པ་རེན་ཕི་ཡི་དཔྱད་བརྗོད་རྩོམ་ཡིག་<<ལོ་རྒྱུས་ལ་དཔེ་ལྟ་བ་ནི་ཆེས་བཟང་བའི་མདུན་བསྐྱོད་ཀྱི་ཆེད་དུ་ཡིན་>>ཞེས་པའི་རྩོམ་ཡིག་སྤེལ་ཞིང་། རྩོམ་ཡིག་ནང་“ཕྱི་ལོ་༡༩༨༡ ལོའི་<<རྒྱལ་ཁབ་བཙུགས་པ་ནས་བཟུང་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའ་ཐག་གཅོད་གཏན་འབེབས་ཀྱི་སྐོར་>> ཞེས་པར། “རིག་གནས་གསར་བརྗེ་ཆེན་མོ་” དང་“འབྱོར་མེད་གྲལ་རིམ་གྱི་སྲིད་དབང་འོག་མུ་མཐུད་གསར་བརྗེའི་གཞུང་ལུགས་”ལ་དགག་ཆ་བྱས་ཟིན་པ་དང་། གྲོས་ཆོད་དེས་རིག་གསར་ཀྱི་ཆབ་སྲིད་ངོས་འཛིན་ལ་གཡོ་སྒུལ་མི་ཐུབ་པའི་དབང་ཚད་རང་བཞིན་གྱི་ནུས་པ་ལྡན་ཡོད།”

རྩོམ་ཡིག་ནང་རིག་གསར་ནི་འགོ་ཁྲིད་ལ་བརྟེན་ནས་བྱུང་བའི་ནོར་འཁྲུལ་གྱི་སྲིད་ཇུས་ཤིག་དང་། གསར་བརྗེ་ངོ་ལོག་ཤོག་ཁག་བེད་སྤྱོད་དེ་རིགས་སོ་སོའི་མི་དམངས་རྣམས་ཀྱི་ཐོག་ཏུ་སྤེལ་བའི་རྐྱེན་ངན་གོ་ཆག་གི་ནང་འཁྲུག་ཚབས་ཆེན་ཞིག་ཡིན་ལ། གནོད་འཚེ་བཟོས་པ་ནི་ཁྱོན་ཡོངས་དང་ཚབས་ཆེན་ཡིན་པས། རིག་གསར་ལྟ་བུའི་ནོར་འཁྲུལ་བསྐྱར་དུ་གཏན་ནས་འབྱུང་བཅུག་རྒྱུ་མེད་པར། ལོ་རྒྱུས་ལ་དཔེ་བླངས་ཏེ་“རིག་གསར་”གྱི་ལོ་རྒྱུས་སློབ་གསོ་སེམས་ལ་གཏན་པོ་བཟུང་དགོས།”

དེའི་སྔོན་གྱི་ཕྱི་ཟླ་༥ པའི་ཚེས་༡༠ ཉིན། མི་དམངས་ཉིན་རེའི་ཚགས་པར་སྟེང་ཞི་ཅིན་ཕིང་གིས་ནང་ཁུལ་གྱི་ཆེད་བརྗོད་བགྲོ་གླེང་ཚོགས་ཆུང་ཞིག་ཏུ་བཤད་པའི་ཡིག་འབྲུ་ཁྲི་གཉིས་ལྷག་ཡོད་པའི་གཏམ་བཤད་ཡོངས་གྲགས་ཐོག་ཕྱིར་སྤེལ་བ་དང་། ཁོང་གིས་གཏམ་བཤད་ནང་ཐེངས་གཉིས་ལ་“རིག་གསར་”དང་འབྲེལ་བའི་སྐོར་བཤད་ཅིང་། རིག་གསར་ནི་“ལོ་བཅུའི་རྐྱེན་ངན་”ཞིག་ཡིན་པའི་འགྲེལ་བརྗོད་བྱས་པར་བརྟེན། ཆབ་སྲིད་དཔྱད་བརྗོད་པ་དག་གིས་དེ་ནི་ཞི་ཅིན་ཕིང་གིས་རིག་གསར་ལ་དགག་ཆ་བྱས་པ་ཡིན་པའི་ངོས་འཛིན་བྱས།

འདི་ལོ་ནི་རིག་གསར་སྤེལ་ཏེ་ལོ་༥༠ འཁོར་བའི་དུས་དྲན་གྱི་ལོ་ཡིན་པ་བཞིན། སྤྱིར་རྒྱ་ནག་གཞུང་ཕྱོགས་ནས་རྣམ་པ་གང་ཡང་རུང་བའི་དུས་དྲན་གྱི་ལས་འགུལ་མི་སྤེལ་བའི་ཐག་གཅོད་བྱས་ཡོད་ཀྱང་། ཕྱི་ཟླ་༥ སླེབས་པ་ནས་བཟུང་རྒྱ་ནག་སྐམ་སའི་“གཡོན་ཐལ་”ཤོག་ཁག་གིས་“རིག་གསར་”དུས་དྲན་ལ་ཁ་གཡར་ཏེ། རང་སྣང་གང་དྲན་གྱིས་དམར་ཤོག་གི་གླུ་བླངས་པ་དང་འདུ་འཛོམས་བྱས་པ། བགྲོ་གླེང་འཚོགས་པ་སོགས་ཀྱི་རྐྱེན་པས་སྤྱི་ཚོགས་ནང་དངངས་སྐྲག་བསླངས་ཡོད་ལ། ལྷག་པར་དུ་ཟླ་༥ པའི་ཚེས་༡༦ ཉིན་རྒྱ་ནག་སྐམ་སའི་པོད་ཕྲན་དང་སྐད་འཕྲིན་གྱི་མདུན་ངོས་ཆ་ཚང་“རིག་གསར་”དང་འབྲེལ་བའི་སྐོར་ཡིན་པས་བསྐྱར་དུ་དོགས་སློང་བྱས་ཡོད།

ཕྱིའི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ནང་འཁོད་པར་གཞིགས་ན། ཉེ་ཆར་སྐམ་སའི་“གཡོན་ཐལ་ཤོག་ཁག་”གིས་གཅིག་ལས་གཅིག་ཆེ་བའི་འཇིགས་སྐུལ་གྱི་དཀྲོག་གཏམ་སྣ་ཚོགས་གང་སར་སྤེལ་བར་བརྟེན། རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་སྡེ་ཚན་གྱིས་ཛ་དྲག་ངང་གྲོས་བསྡུར་བྱས་པའི་རྗེས། <<མི་དམངས་ཉིན་རེའི་ཚགས་པར་>> བརྒྱུད་དེ་མཚན་མོའི་ཆུ་ཚོད་དང་པོ་ཙམ་ལ་དབུས་གཞུང་གི་ལངས་ཕྱོགས་གསལ་བཤད་བྱས་པ་དང་། གསར་འགྱུར་དྲ་བ་ཆེ་ཤོས་ཁག་སོ་སོས་མཚན་མོ་དེ་རང་ལ་བརྒྱུད་འགོད་བྱས་པའི་བྱེད་སྟངས་དེ་ནི་མཐོང་དཀོན་པོ་ཡིན་ཞིང་། བྱ་སྤྱོད་དེ་ནི་ཆེས་མཐོའི་འགོ་ཁྲིད་ཀྱི་ཐག་གཅོད་ཡིན་སྐོར་བརྗོད་བཞིན་པ་མ་ཟད། འདི་དང་ཉེ་བའི་ཆར་སྐམ་སའི་མང་ཚོགས་དང་སྤྱི་ཚོགས་ཁྲོད་ཀྱི་བཤད་ཡམས་དང་ཡང་འབྲེལ་བ་ཡོད་པ་ཞིག་ཡིན་པ་རེད།

ཕྱི་ལོ་༡༩༦༦ ལོའི་ཟླ་༥ པ་ནས་༡༩༧༦ ལོའི་ཟླ་༡༠ པའི་བར། རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་མའོ་ཙེ་ཏུང་གིས་མི་ལོ་བཅུའི་རིང་གི་“རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་”སྤེལ་ཏེ། དུས་སྐབས་དེའི་རིང་མ་ཉེས་ཁག་གཡོགས་ཀྱི་གྱོད་དོན་ཁྲི་སྟོང་མང་པོ་བཟོས་ཤིང་། གྲངས་ཀྱིས་མི་ལོངས་པའི་ཉེས་མེད་ཀྱི་ཤེས་ཡོན་པ་དང་མི་སེར་དཀྱུས་མ་དམར་གསོད་བཏང་པ་ཙམ་མ་ཡིན་པར། རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་ཀྲུའུ་ཞི་ནས་དམའ་གཞུང་ཞབས་དཀྱུས་མའི་བར་གྱི་མི་ཤིན་ཏུ་མང་པོ་ཞིག་ཀྱང་གདུག་རྩུབ་ཀྱི་གནར་གཅོད་འོག་འདས་གྲོངས་སུ་གྱུར།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།