སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག
ཟླ་འདིའི་ཚེས་ ༦ ཉིན་བཀའ་དྲུང་ཡིག་ཚང་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩(༡) འོག་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོ་དོན་ཚན་ ༡ ནང་གསེས་ ༣ བཅས་ཀྱི་དགོངས་དོན་ལྟར་བསྐོ་བཞག་བྱས་པ་ཞིག་ཡིན་འདུག
ཨ་རིའི་ལས་གཉེར་ཐོངས་མཆན་ཐོན་ཚེས་དང་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ གང་སྔ་ནས་ལས་ཁུར་འགོ་འཛུགས་གནང་དགོས་ཀྱི་ཡོད་པ་རེད།
གནས་ཚུལ་དེའི་སྐོར་གསར་འགོད་པས། སྲིད་སྐྱོང་བློ་སེང་གེ་ལ་བཅར་འདྲི་ཞུས་པར། ཁོང་གིས། “བཀའ་ཤག་ནས་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་རྒྱུ་ཐག་བཅད་པ་རེད། སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཚོགས་ནང་ཕྱག་ལས་རྒྱུན་རིང་པོ་གནང་བ་དང་། མཉམ་མྱོང་ཅན་ཆགས་བསྡད་ཡོད་པ་རེད། བྱང་ཨ་རིའི་ས་གནས་གལ་ཆེན་པོ་དང་། མི་འབོར་མང་པོ་ཡོད་པས། སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཀྱིས་སྐུ་ཚབ་དོན་གཅོད་གནང་ན་ཐུགས་ཕན་སོས་པ་ཡོང་གི་རེད་བསམ་པའི་བཀའ་ཤག་གིས་ཡིད་ཆེས་བྱས་ཏེ། བསྐོ་བཞག་བྱས་པ་རེད་”ཅེས་གསུངས་སོང་།
ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཐོག་སྐལ་རྡོ་གང་ལ་བསྐོ་བཞག་གནང་རྒྱུ་དང་། ལྡི་ལིའི་དོན་གཅོད་དུ་རྒྱ་རི་སྒྲོལ་མ་བསྐོ་རྒྱུ་ཡིན་པའི་སྐད་ཆ་ཞིག་འདུག་ན། དེ་ག་འདྲ་གནང་གི་རེད་ཅེས་གསར་འགོད་པས་དྲིས་པར། སྲིད་སྐྱོང་གིས། “དེ་ཚོ་རིམ་པས་གསན་རོགས་གནང་”ཞེས་དང་། སྐལ་རྡོ་ཚུར་གངས་སྐྱིད་དུ་ལས་ཀ་བྱེད་དུ་ཡོང་རྒྱུ་ཡིན་སྐོར་གསུངས་སོང་།
ཚོགས་གཙོ་སྤེན་པ་ཚེ་རིང་ལ་གནས་ཚུལ་དེའི་སྐོར་བཅར་འདྲི་བྱས་པར། ཁོང་གིས། “འོས་བསྡུའི་ལས་རིམ་དང་འབྲེལ་ནས་༧གོང་ས་མཆོག་ཐུགས་འཚབ་བྱུང་བ་དང་། ཐུགས་དགོངས་དྭང་ཆེད་དུ་ཐུགས་འཚབ་བྱུང་བའི་རྒྱུ་དང་རྐྱེན་སྤྱི་ཚོགས་ནང་ཞིབ་ཚགས་པོ་བྱས་ནས་ལྟ་དགོས་པ་དང་། ལས་ཀྱི་སྣེ་མོ་བ་ཚོ་དང་། མང་ཚོགས་ཚང་མས་གཞན་ལ་མཛུབ་མོ་བཙུགས་རྒྱུ་ཕར་བཞག་ནས། སོ་སོར་མཛུབ་མོ་བཙུགས་ནས་སྐྱོན་ནོར་འཁྲུལ་གང་དུ་ཤོར་ཡོད་པའི་ཐོག་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། འོས་བསྡུའི་ལས་རིམ་སྐབས་ང་ཚོ་ཕར་ཚུར་བཤད་རེས་ཐུག་པ་དང་། མ་འོངས་པར་དེའི་རིགས་མ་ཡོང་པའི་ཆེད་དང་། འོས་བསྡུའི་ལས་རིམ་གྲུབ་རྗེས། ང་ཚོས་ནུས་པ་མཉམ་སྤུངས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། བོད་ཕྱི་ནང་གཉིས་ནས་དེ་དགོངས་པར་བཞག་ནས་ང་ཚོས་ཀ་བྱེད་ཐུབ་ན། ༧གོང་ས་མཆོག་གི་དགོངས་གཞི་འགྲུབ་པ་དང་། ཐུགས་འཚབ་བྱུང་བའི་གནས་བབས་དགོངས་པ་དྭང་བའི་གནས་སྟངས་དེ་འདྲའི་འོག་ནས་ཡོང་གི་རེད། སོ་སོ་ཡིན་ན་དམ་བཅའ་བརྟན་པོ་ཡིན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དོན་གཅོད་ལ་སོང་ན་ཡག་པོ་འདུག་གསུངས་དུས། དྭང་ལེན་བྱས་པ་ཡིན་”ཞེས་གསུངས་སོང་།
ཁོང་གིས། བྱང་ཨ་རི་དང་ཁེ་ན་ཊ་གཉིས་རྒྱལ་ཁབ་ཆེན་པོ་དང་ཆབ་སྲིད་ཀྱི་ཆ་ནས་གནད་འགག་ཡོད་པའི་ས་ཆ་ཡིན་སྐོར་དང་། བོད་མི་ཡང་དེར་ཧ་ཅང་མང་པོ་སྡོད་ཀྱི་ཡོད་པ་དང་། མ་འོངས་པར་ཆབ་སྲིད་མི་སྣ་མཉམ་དུ་འབྲེལ་བ་བྱེད་རྒྱུ་དང་བོད་དོན་རྒྱབ་སྐྱོར་འཚོལ་དགོས་སྐོར། དེ་བཞིན་ཕར་ཕྱོགས་ཀྱི་བོད་རིགས་ཚོགས་པ་ཁག་གིས་མཚོན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། མི་མང་ཚང་མ་མཉམ་རུབ་ཀྱིས་ལས་དོན་བྱེད་ཐུབ་དགོས་སྐོར་གསུངས་སོང་།
ཁོང་གིས། “སྤྱི་ཡོང་གི་ཐོག་ནས་ལས་འགན་གཞི་རྒྱ་ཆེན་པོ་དང་། ལས་དོན་བསྒྲུབ་རྒྱུའི་གོ་སྐབས་བྱུང་བར་དགའ་པོ་བྱུང་ལ། ང་ལ་ཡིད་ཆེས་བློ་གཏད་བྱས་པ་དེར་དགའ་པོ་བྱུང་། བོད་ཕྱི་ནང་གཉིས་ནས་དེའི་ཐོག་དགོངས་པ་བཞེས་རོགས། འོས་བསྡུའི་ལས་རིམ་གྱི་གནས་སྟངས་གཅིག་རེད། བོད་སྤྱི་པའི་དོན་དུ་འཇོན་ཚད་ནུས་ཚད་ཀྱིས་མཉམ་རུབ་དགོས་པ་གལ་ཆེན་པོ་རེད། དེ་བཞིན་འོས་བསྡུའི་རིམ་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་རྒྱ་ནག་གིས་བེད་སྤྱོད་བཏང་ཡོད་པས། དེ་ལ་གོ་བརྡ་ཤུགས་ཆེན་པོ་ཞིག་འགྲོ་ཡི་རེད་བསམ་གྱི་འདུག ང་ཚོས་མང་གཙོའི་འགྲོ་ལུགས་ཐོག་ནས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཚོའི་ལས་རིམ་ཟིན་པ་རེད་”གསུངས་སོང་།
ཁོང་གིས་མུ་མཐུད་གསུང་དོན། “ང་རང་གི་ངོས་ནས་ཚང་མར་འབྲེལ་བ་བྱས་ཏེ། མཉམ་དུ་སྙོབ་ཐུབ་པ་ཞིག་དང་། བོད་རིགས་ཚོགས་པ་ཁག་སུམ་བཅུ་ཞིག་ཡོད་པ་ཚང་མ་མངའ་སྡེ་ཁག་མི་འདྲ་བའི་ནང་གནས་ཡོད་པས། ས་གནས་སོ་སོའི་གཞུང་འཛིན་པ་དང་། གྲོས་ཚོགས་འཐུས་མི་གོང་འོག་ཚང་མར་འབྲེལ་བ་བྱས་ཏེ། ནུས་པ་མཉམ་སྤུངས་དང་བྱང་ཨ་རིའི་ནང་བོད་དོན་དེ་གཟེངས་སུ་ཐོན་པ་ཞིག་ཡོང་ཐབས་བྱེད་རྒྱུ་ཡིན་ལ། རྣམ་པ་ཚོས་མཐུན་འགྱུར་གནང་རོགས་”ཞེས་གསུངས་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།