རྒྱ་ནག་གི་གསང་བ་ཨ་རིའི་གསང་བའི་ལས་ཁུངས་ལ་སྙན་སེང་ཞུས་འདུག
ཨ་ཪིར་བྲོས་བྱོལ་དུ་སོང་སྟེ་ཉེན་ཡོལ་འོག་ཡོད་པའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཟུར་པ་ལི་ཅིན་ཧྥ་ཡི་སྤུན་ཆུང་ལི་ཝེ་ཁྲིན་གྱིས། ཉེ་ཆར་ཨ་རིའི་གསང་བའི་ལས་ཁུངས་ལ་རྒྱ་ནག་སྲིད་གཞུང་གི་ཆེས་གསང་བའི་གནས་ཚུལ་སྙན་སེང་ཞུས་འདུག
ཕྱི་ཟླ་༢ ཚེས་༣ ཉིན་ཨ་རིའི་<<ཝ་ཤིང་ཌོན་རང་དབང་སྒྲེན་མེ་>>ཞེས་པའི་གསར་འགྱུར་དྲ་བའི་སྟེང་རྩོམ་སྒྲིག་པ་རྒན་པ་བྷིལ་གྷར་ཚི་ཡིས་རྩོམ་ཡིག་ཅིག་སྤེལ་བའི་ནང་། ཨ་རིའི་གསང་བའི་ལས་ཁུངས་ཀྱི་མིང་བརྗོད་འདོད་མེད་པའི་དཔོན་རིགས་ཤིག་གི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། དབང་ཐོབ་ཤོར་ཟིན་པའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཟུར་པ་ལི་ཅིན་ཧྥ་ཡི་སྤུན་ཆུང་བ་ཡིན་པའི་ཚོང་པ་ལི་ཝེ་ཁྲིན་གྱིས། ཨ་རིའི་མཉམ་འབྲེལ་བརྟག་བཤེར་ལས་ཁུངས་དང་དབུས་གསང་བའི་ལས་ཁུངས་ཀྱི་སྡེ་ཁག་ལ་རྒྱ་ནག་སྲིད་གཞུང་གི་ཆེས་གསང་བའི་སྐོར་གྱི་རྒྱུ་ཆ་དངོས་སུ་སྙན་སེང་ཞུ་བཞིན་པ་དང་། དེའི་ཁྲོད་རྡུལ་ཕྲན་གོ་མཚོན་སྒོ་འབྱེད་མ་ལག་དང་གསང་བའི་ཨང་གྲངས་ཀྱི་གནས་ཚུལ་སོགས་ཚུད་ཡོད་པ་རེད།
བྷིལ་གྷར་ཚི་ཡིས་སྤེལ་བའི་རྩོམ་ཡིག་དེའི་ནང་ནང་ཁུལ་གྱི་གནས་ཚུལ་ལ་རྒྱུས་མངའ་ཡོད་པའི་དཔོན་རིགས་ཤིག་གི་སྐད་ཆར་གཞིགས་ན། ཨ་རིའི་གསང་བའི་སྡེ་ཁག་གིས་ལོ་སྔོན་མའི་སྟོན་ཁ་ནས་བཟུང་གསང་བའི་ས་གནས་ཤིག་ཏུ་ལི་ཝེ་ཁྲིན་ལ་འདྲི་བརྩད་བྱེད་བཞིན་པ་དང་། རྒྱ་ནག་གི་གསང་མྱུལ་བས་ཨི་རིའི་ས་ཐོག་ནས་ལི་ཝེ་ཁྲིན་འཇུ་བཟུང་དང་ལྐོག་གསོད་ཀྱི་དམིགས་ཡུལ་བཟུང་ཡོད་པར་བརྟེན། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གི་གསང་མྱུལ་བས་འཚོལ་ཞིབ་ཀྱི་བྱ་སྤྱོད་སྤེལ་བཞིན་པ་ཤེས་རྟོགས་བྱུང་བ་ནས་བཟུང་། ལི་ཝེ་ཁྲིན་གྱི་བདེ་འཇགས་ལ་ཨ་རིས་སྲུང་སྐྱོབ་དམ་པོ་བྱས་ཡོད་འདུག
ལི་ཝེ་ཁྲིན་ཨི་རིར་བྲོས་བྱོལ་དུ་བསྐྱོད་དེ་མགོ་འདོགས་ཞུ་དགོས་དོན་ནི་རྒྱལ་ནང་དུ་ལི་ཅིན་ཧྥ་གོ་གནས་ལས་ཕབ་སྟེ་འཇུ་བཟུང་བྱས་པའི་རྐྱེན་གྱིས་ཡིན་ཞིང་། ལི་ཅིན་ཧྥ་ཡིས་རྒྱ་ནག་དབུས་གཞུང་ལས་ཁང་ནས་གསང་བའི་ཡིག་ཆ་གཉིས་སྟོང་བདུན་བརྒྱ་ལྷག་ལག་ཏུ་རག་ཡོད་པ་དེ་དག ཁོང་གི་སྤུན་ཆུང་བ་ལི་ཝེ་ཁྲིན་གྱི་ལག་ཏུ་བཞག་སྟེ་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་ཐབས་ཤིག་ཡིན་འདུག་ལ། ལི་ཝེ་ཁྲིན་གྱིས་གསང་བའི་ཡིག་ཆ་དེ་དག་བདག་ཉར་བྱས་པ་མ་ཟད། ལི་ཅིན་ཧྥ་འཇུ་བཟུང་བྱས་མ་ཐག་གསང་བའི་ཡིག་ཆ་དེ་དག་ཨ་རིའི་སྲིད་གཞུང་ལ་སྤྲོད་རྒྱུའི་ཐག་གཅོད་ཡོད་འདུག
བྷིལ་གྷར་ཚི་ཡིས་བརྗོད་པ་ལྟར་ན། ཕོ་བྲང་དཀར་པོ་དང་མཉམ་འབྲེལ་བརྟག་བཤེར་ལས་ཁུངས། དབུས་གསང་བའི་ལས་ཁུངས། རྒྱལ་ཁབ་བདེ་འཇགས་ལྷན་ཁང་སོགས་སུས་ཀྱང་གནད་དོན་དེའི་སྐོར་འགྲེལ་བརྗོད་བྱས་མེད་ཀྱང་། དཔོན་རིགས་གཞན་དག་ཁག་ཅིག་གིས་བརྗོད་པར་གཞིགས་ན། ལི་ཝེ་ཁྲིན་གྱིས་ལོ་སྔོན་མའི་སྟོན་ཁར་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཧུ་ཅིན་ཐའོ་ཡི་“ནང་གཉེར་ཆེན་མོ་”ཞེས་འབོད་པའི་ལི་ཅིན་ཧྥ་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པའི་དོགས་པ་བྱས་པའི་རྗེས། ལི་ཝེ་ཁྲིན་གྱིས་ཨ་རིའི་སྲིད་གཞུང་ལ་མགོ་འདོགས་བྱས་ཡོད་པ་རེད།
ཨ་རིའི་གསང་བའི་ལས་ཁུངས་ཀྱི་མིང་བརྗོད་འདོད་མེད་པའི་དཔོན་རིགས་དེས་བརྗོད་པ་ལྟར་ན། གལ་ཏེ་འབྱུང་འགྱུར་ཟླ་ཤས་ནང་ལི་ཝེ་ཁྲིན་ལ་ཡིད་རྟོན་འཕེར་བའི་ངོས་ལེན་བྱས་པ་ཡིན་ན། ཁོང་ནི་འདས་པའི་ལོ་༣༠ རིང་ཨ་རིའི་སྲིད་གཞུང་ལ་གསང་བའི་གནས་ཚུལ་གྱི་རིན་ཐང་ཆེས་ཆེ་བའི་རྒྱ་ནག་ལ་ངོ་ལོག་པ་ཞིག་ཆགས་རྒྱུ་ཡིན་ཞིང་། བྷིལ་གྷར་ཚི་ཡིས་དཔོན་རིགས་ཤིག་གི་སྐད་ཆ་ལུང་འདྲེན་བྱས་ཏེ། “དེ་ནི་གསང་བའི་ཁྱབ་ཁོངས་སུ་བསམ་ཡུལ་ལས་འདས་པའི་གྲོགས་ཤིག་ཏུ་གྱུར་ཡོད་པ་རེད། ” ”(This is an intelligence windfall)。
རྒྱ་ནག་གཞུང་ཕྱོགས་ནས་ལོ་སྔོན་མའི་ཕྱི་ཟླ་༧ པའི་ནང་ལི་ཅིན་ཧྥ་ཡི་ཚབས་ཆེའི་སྒྲིག་འགལ་གྱི་གནད་དོན་ཕྱིར་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ཁྲོད་གོ་གནས་བེད་སྤྱོད་དེ་ལྐོག་རྔན་ལེན་པ། ཏང་དང་རྒྱལ་ཁབ་ཀྱི་སྲོག་ཤིང་གི་གསང་བ་ལེན་པ། བུད་མེད་མང་པོར་ལུས་འབྲེལ་བྱས་སོགས་ཀྱི་གནད་དོན་ལ་བརྟེན་ནས་དམར་ཤོག་ཚོགས་མི་ནས་ཕྱིར་ཕུད་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་ཀྱིས་འཇུ་བཟུང་བྱས། ལི་ཅིན་ཧྥ་ཡི་གཅེན་པོ་ཧྲན་ཞི་སྲིད་གྲོས་ཀྱི་ཚོགས་གཞོན་ལི་ཀྲན་ཚི་ཟླ་༦ པའི་ནང་གནས་དབྱུང་བཏང་ཡོད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།