འོས་མི་ཁྱབ་བསྒྲགས་ཀྱི་འགྲོ་སོང་ཚད་ལས་བརྒལ་ན་ཉེས་པ་ཡོད་པ་རེད།
ཕྱི་ཟླ་༧ ཚེས་༤ ཉིན་འོས་བསྡུ་འགན་འཛིན་བསོད་ནམས་ཆོས་འཕེལ་ལ་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་སྐོར་གྱི་བཅར་འདྲི།
དྲི་བ། བཙན་བྱོལ་བོད་མིའི་ཐེངས་འདིའི་འོས་བསྡུ་ཆེན་མོའི་འོས་ཤོག་འཕེན་ཆོག་པའི་མིང་ཐོ་དེབ་སྐྱེལ་བྱེད་ཕྱོགས་དང་དུས་ཚོད་ག་འདྲ་རེད་དམ།
ལན། འོས་བསྡུའི་དེབ་སྐྱེལ་དེ་སྔོན་མ་བྱས་ཡོད་ན་བསྐྱར་དུ་བྱེད་དགོས་པ་མ་རེད། དེ་སྔོན་བྱས་མེད་མཁན་དང་དེ་སྔོན་ལོ་བཅོ་བརྒྱད་མ་ཟིན་མཁན་ཚོས་འོས་བསྡུའི་དེབ་སྐྱེལ་བྱེད་དགོས་རེད། ས་གནས་ཀྱི་འོས་བསྡུའི་འགན་འཛིན་ཚོར་ཕྱི་ཟླ་༦ ཚེས་༣༠ སྔོན་ལ་དེབ་སྐྱེལ་ཚར་དགོས་པ་རེད་ཅེས་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ། ད་ལྟ་དུས་ཚོད་རྫོགས་པ་རེད། ཡིན་ན་ཡང་འོས་ཤོག་འཕེན་རྒྱུར་དེབ་སྐྱེལ་དེ་གལ་ཆེན་པོ་ཡིན་པས། དེབ་སྐྱེལ་གྱི་དུས་ཚོད་ཕར་འགྱངས་བྱེད་རྒྱུར་བཀའ་བསྡུར་བྱེད་བཞིན་ཡོད།
དྲི་བ། མཐོ་རིམ་སློབ་མ་ཡོད་ས་ཁག་དང་ས་གནས་ཁུག་ཀྱོག་དེ་ཚོར་འོས་བསྡུའི་དེབ་སྐྱེལ་བྱེད་ས་གོ་སྒྲིག་བྱེད་ཀྱི་ཡོད་པ་རེད་དམ།
ལན། མཐོ་རིམ་སློབ་མ་ཡོད་ས་ཚོར་འོས་བསྡུའི་མིང་གཞུང་དེབ་སྐྱེལ་བྱེད་ས་དམིགས་བསལ་གོ་སྒྲིག་བྱས་ཡོད་པ་མ་རེད། ས་གནས་ཡོང་ཁོངས་སོ་སོར་དེབ་སྐྱེལ་བྱེད་དགོས་པ་རེད། འོས་འཕེན་པའི་སྐབས་སུ་མཐོ་རིམ་སློབ་མ་ཡོད་ས་དང་སུད་ཚོང་ས་ཁུལ་ཆེ་ཁག་ཏུ་འོས་བསྡུའི་ས་ཚིགས་བཙུགས་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད།
དྲི་བ། ད་ལྟ་དེབ་སྐྱེལ་བྱེད་མཁན་གསར་པ་ག་ཚོད་སླེབས་ཡོད་པ་དང་། སྔོན་མ་འོས་ཤོག་གི་དེབ་སྐྱེལ་ཡོད་མཁན་དང་ད་ལྟའི་བར་མང་ཉུང་ཁྱད་པར་སོང་ཡོད་པ་རེད་དམ།
ལན། དེ་ད་ལྟ་ཞིབ་བཤེར་བྱས་ཡོད་པ་མ་རེད། ས་གནས་འགོ་འཛིན་ཚོས་འོས་བསྡུའི་འགན་འཛིན་གྱི་འགན་ཁུར་དགོས་ཀྱི་ཡོད་སྟབས། དྷ་སར་ཕྱི་ཟླ་༧ ཚེས་༡༨ ནས་ས་གནས་འོས་བསྡུའི་འགན་འཛིན་དང་ཚོགས་མི་ཁག་ཅིག་ལ་འོས་བསྡུའི་ཟབ་སྦྱོང་སྤྲོད་རྒྱུ་དང་། འོས་བསྡུའི་དེབ་སྐྱེལ་ཕར་འགྱངས་ཀྱི་དུས་ཚེས་སྐབས་དེར་གསལ་བསྒྲགས་བྱེད་རྒྱུ་ཡིན།
དྲི་བ། འོས་བསྡུའི་སྒྲིག་གཞི་གསར་པའི་ནང་སྲིད་སྐྱོང་གི་འོས་བསྡུའི་ཁྱབ་བསྒྲགས་ཆེད་ཧིན་སྒོར་འབུམ་བརྒྱད་ཀྱི་འགྲོ་སོང་དང། སྤྱི་འཐུས་རེས་འབུམ་གསུམ་འགྲོ་སོང་གཏོང་ཆོག་གི་ཡོད་པ་རེད། འགྲོ་སོང་དེ་འདྲ་ཞིག་ཚད་བཀག་དགོས་པའི་གཞི་འཛིན་ས་ག་འདྲ་རེད།
ལན། སྲིད་སྐྱོང་ལ་དངུལ་འབོར་མང་བ་དང་། སྤྱི་འཐུས་ལ་ཉུང་བ་དགོས་པ་དེ་སྲིད་སྐྱོང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ཚང་མར་ཡོངས་ཁྱབ་དགོས་པས་མང་བ་བཞག་པ་དང་། སྤྱི་འཐུས་ཕྱི་རྒྱལ་ཁག་ནས་ཆོལ་ཁ་རིས་མེད་ཀྱིས་ས་གནས་དེ་ནས་འོས་ཤོག་འཕེན་གྱི་ཡོད་པ་དང་། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྒྱ་བལ་འབྲུག་གསུམ་ནས་ཡོང་གི་ཡོད་པས། ཚད་གཞི་དེ་འདྲ་བཞག་རེད། དེ་བཞིན་སྤྱི་ཚོགས་ནང་དྲིལ་བསྒྲགས་བྱེད་སྟངས་དེ་བོད་པ་དང་འབྲེལ་བ་ཡོད་པའི་བརྒྱུད་ལམ་ཁག་དང་། སྦྱར་ཡིག་འགྲེམས་སྤེལ། དེབ་ཆུང་བཟོ་རྒྱུ། མི་མང་འདུ་འཛོམས་ཐོག་སོ་སོས་གཏམ་བཤད་སྐབས་འགྲིམ་འགྲུལ་གྱི་འགྲོ་སོང་སོགས་ལ་ཚོད་དཔག་བྱས་ཏེ་གཏན་འབེབས་བྱས་རེད།
དྲི་བ། སྲིད་སྐྱོང་ལ་ལངས་མཁན་ཚོ་ས་གནས་མ་འདྲ་བ་ཡིན་པས། ཕྱི་རྒྱལ་ཁག་ནས་ལངས་མཁན་ཞིག་ཡོད་ན། འོས་ཤོག་འཕེན་མཁན་མང་ས་རྒྱ་བལ་འབྲུག་གསུམ་ཡིན་པས། དེའི་ནང་སྐོར་བསྐྱོད་མང་བ་དགོས་པར། འགྲོ་སོང་མང་ཉུང་གི་དཀའ་ངལ་ཞིག་ཡོང་གི་མི་འདུག་གམ།
ལན། དེ་བདེན་པ་འདྲ་རེད། ཡིན་ཡང་འོས་འཕེན་མཁན་མང་བ་རྒྱ་གར་ནང་ཡོད་པས། ཕྱི་རྒྱལ་ན་ཡོད་པའི་མི་ཞིག་སྲིད་སྐྱོང་འོས་མིར་ལངས་ན། གནམ་གྲུའི་འགྲོ་སོང་དེ་ཆེ་བ་ཡོད་པ་རེད་མོད། རྒྱ་གར་ནང་སྐོར་བསྐྱོད་སྐབས་གཅིག་པ་རེད། ཕྱི་རྒྱལ་ནང་དུ་སྐོར་བསྐྱོད་སྐབས་ཀྱང་རྒྱལ་ཁབ་ཁག་གི་བར་གནམ་གྲུའི་ནང་འགྲོ་དགོས་ཀྱི་ཡོད་པས། དེ་ཚོར་སོ་སོས་དགོངས་པ་བཞེས་དགོས་པ་རེད། འོས་འཕེན་མཁན་མང་སར་དྲིལ་བསྒྲགས་དགོས་པས་དེ་ལ་གཞི་བཞག་པ་ཞིག་རེད།
དྲི་བ། ད་ལྟ་ལས་ཀྱི་སྣེ་མོར་ཡོད་མཁན་ཚོ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་ནང་ལངས་ན། འོས་བསྡུ་བྱེད་གྲབས་ཡོད་སྐབས་ཀྱང་གཞུང་དོན་སྐོར་བསྐྱོད་བྱེད་དགོས་པས། རང་བཞིན་གྱིས་གཞུང་དོན་ཕྱོགས་བསྐྱོད་སྐབས་འོས་བསྡུའི་ཁྱབ་བསྒྲགས་དང་གཅིག་པ་ལྟ་བུ་ཆགས་ནས། སྒེར་པ་ཞིག་ལངས་པའི་བར་འགྲོ་སོང་དང་ཁྱབ་བསྒྲགས་ཚང་མར་ཁྱད་པར་ཡོད་པ་མ་རེད་དམ།
ལན། འོས་བསྡུའི་སྒྲིག་གཞི་དོན་ཚན་༢༤ པའི་ནང་གསེས་བརྒྱད་པའི་ནང་འགྲེལ་བཤད་ཡོད་པ་རེད། འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་དང་གཏམ་བཤད་སོགས་ཀྱི་སྐབས། གཞུང་འབྲེལ་གྱི་ངོ་བོ་བྱས་ནས་སོང་ན་མི་འགྲིག་པ་མ་ཟད། གཞུང་གི་རྒྱུ་དངོས་བེད་སྤྱོད་ཆོག་གི་མ་རེད། དེ་བཞིན་གཞུང་དོན་ཕྱོགས་བསྐྱོད་སྐབས་སོ་སོ་འོས་མིའི་ནང་ལངས་མཁན་ཡིན་ན། འོས་བསྡུ་དང་འབྲེལ་བའི་གཏམ་བཤད་བྱས་ན་འགྲིག་གི་མ་རེད། གལ་སྲིད་གཞུང་དོན་ཕྱོགས་བསྐྱོད་ཆེད་ལྡི་ལིར་སླེབས་བསྡད་ཡོད་པའི་སྐབས། དེར་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་ཐོག་འགྲོ་དགོས་བྱུང་ན། དེའི་ནང་འཛུལ་ཞུགས་ཆོག་གི་རེད་མོད། གཞུང་འབྲེལ་གྱི་ངོ་བོ་མིན་པ་གསལ་པོ་བཟོས་དགོས་རེད།
དྲི་བ། སྒྲིག་གཞི་གསར་པའི་ནང་གཞུང་འབྲེལ་གྱིས་ངོས་ལེན་ཡོད་པའི་ཚོགས་པ་ཁག་ཕུད་སྤྱི་སྒེར་སུ་ཐད་ནས་སྲིད་སྐྱོང་ངམ་སྤྱི་འཐུས་འོས་གཞིའི་སྐྱེ་བོ་དེའི་ཡིག་ཐོག་ཆོག་མཆན་མེད་པར་ས་གནས་གང་དུ་ཡང་རྒྱབ་གཉེར་གསལ་བསྒྲགས་དང་དེ་འབྲེལ་འགྲོ་སོང་གཏོང་མི་ཆོག་ཅེས་འཁོད་པའི་དོན་དག་ག་འདྲ་རེད་དམ།
ལན། གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་དེ་ཚོའི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་འདོན་མཁན་སྔོན་མ་ནས་ཡོད་རེད། ཆོལ་ཁའི་སྒྲིག་འཛུགས་སོ་སོས་འོས་མི་འདོན་གྱི་ཡོད་པ་རེད། དེ་ཚོར་སྒྲིག་འཛུགས་དང་དངུལ་གྱི་སྟངས་འཛིན་སོགས་ཆ་ཚང་ཡོད་པས། དེར་སྟངས་འཛིན་དགོས་པ་མ་རེད། མི་སྒེར་པ་དང་ཡང་ན་སྒེར་པ་ཁག་ཅིག་མཉམ་རུབ་ཀྱིས་འོས་མི་བཏོན་ཏེ་འགྲོ་སོང་གཏོང་དགོས་ན། འོས་མིར་ལངས་མཁན་དེར་ཆོག་མཆན་ཞུ་དགོས་པ་རེད། འགྲོ་སོང་མེད་པའི་རྒྱབ་སྐྱོར་བྱས་ཏེ་སྤྱི་ཚོགས་འབྲེལ་མཐུད་དྲ་བ་སོགས་ལ་གཏོང་རྒྱུ་དང་གཏམ་བཤད་བྱེད་པ་སོགས་ལ་བཀག་འགོག་གང་ཡང་ཡོད་པ་མ་རེད་ལ། དོ་བདག་ལ་ཆོག་མཆན་ཞུས་ཡོད་མེད་ཁྱད་པར་ཡོད་པ་མ་རེད། འགྲོ་སོང་གཏོང་སྟངས་དེ་ཚོ་མང་གཙོའི་འགྲོ་ལུགས་ཆ་ནས་འོས་བསྡུའི་འགྲོ་སོང་ཕྱི་གསལ་ནང་གསལ་དགོས་པ་མང་ཚོགས་ལ་གོ་རྟོགས་སྤེལ་ཆེད་དུ་རེད།
དྲི་བ། འོས་མིར་ལངས་མཁན་དང་རྒྱབ་སྐྱོར་བྱེད་མཁན་གྱིས་ས་གནས་སུ་འོས་མི་ཁྱབ་བསྒྲགས་དང་། མི་མང་བསྡུ་བསྐོང་གིས་གཏམ་བཤད་བགྲོ་གླེང་གོ་སྒྲིག་ཆོག་སྐོར་སྒྲིག་གཞིའི་ནང་འདུག་ན། དེ་འོས་བསྡུ་ལས་ཁང་ལ་སྙན་སེང་ཞུ་དགོས་ཀྱི་ཡོད་པ་རེད། སྙན་སེང་ཞུས་ན་དེ་ལ་ས་གནས་ནས་གོ་སྒྲིག་ལ་རོགས་རམ་དང་། མི་མང་བསྡུ་བསྐོང་ཆོག་པའི་རྒྱབ་གཉེར་གཞུང་གིས་སྤྲོད་ཀྱི་རེད་དམ།
ལན། འོས་བསྡུའི་སྐབས་ས་གནས་སུ་མི་མང་བསྡུ་བསྐོང་གི་གཏམ་བཤད་སོགས་གོ་སྒྲིག་བྱས་ན། ས་གནས་ཀྱི་འོས་བསྡུ་ལས་ཁང་ལ་སྙན་སེང་ཞུ་དགོས་རེད། དེ་འོས་བསྡུ་ལས་ཁང་ལ་ཤེས་རྟོགས་ཡོང་ཆེད་དུ་རེད་མ་གཏོགས། བཀའ་ཁྲོལ་ཞུ་དགོས་པ་དང་བཀའ་ཁྲོལ་སྤྲད་མིན་གྱི་དཀའ་ངལ་ཡོད་པ་མ་རེད། སྙན་སེང་མ་ཞུས་ན་བཀག་འགོག་ཆོག་གི་རེད། སྤྱིར་བཏང་ས་གནས་འགོ་འཛིན་དང་ས་གནས་འོས་བསྡུའི་འགན་འཛིན་གཅིག་ལྕོགས་རེད་དེ། ལས་དོན་ལོག་ཀ་ཡིན་པས། ས་གནས་སུ་སྐོར་བསྐྱོད་སྐབས་མི་མང་བསྡུ་བསྐོང་ཐོག་གཏམ་བཤད་ཆོག་པའི་རྒྱབ་གཉེར་སྤྲད་མིན་དང་མཐུན་རྐྱེན་སྤྲོད་མིན་དེ་ས་གནས་འགོ་འཛིན་གྱི་དབང་ཆ་རེད། ཡིན་ཡང་དེ་འདྲ་བརྒྱབ་སྐྱོར་བྱེད་རྒྱུ་ཁག་པོ་མིན་འགྲོ་བསམ་གྱི་འདུག
དྲི་བ། འོས་བསྡུའི་ཉིན་ཕྱི་རྒྱལ་ལ་སྡོད་མཁན་ཞིག་གིས་རང་བཙན་ལག་དེབ་ཁྱེར་ནས་རྒྱ་གར་དུ་སླེབས་བསྡད་ཡོད་ན། སྲིད་སྐྱོང་གི་འོས་འཕེན་ཆོག་གི་རེད་དམ། དེ་བཞིན་རྒྱ་གར་ནང་སྡོད་མཁན་ཞིག་ཕྱི་རྒྱལ་ལ་དེའི་ཉིན་ཡོད་ན་སྲིད་སྐྱོང་གི་འོས་འཕེན་ཆོག་གི་རེད་དམ།
ལན། དེ་མང་པོ་ཞིག་གིས་ཤེས་ཀྱི་མི་འདུག ང་ཚོས་འོས་བསྡུའི་འགན་འཛིན་ཚོར་ཟབ་སྦྱོང་སྤྲོད་སྐབས་བཤད་བསམ་བསྡད་ཡོད། ཕྱི་རྒྱལ་དུ་གནས་སྡོད་བྱེད་མཁན་ཞིག་གིས་རང་བཙན་ལག་དེབ་ཐོག་འོས་བསྡུའི་དེབ་སྐྱེལ་ཡོད་པ་དེ་ཁྱེར་ཡོད་ན། རྒྱ་གར་དུ་སླེབས་དུས་སྲིད་སྐྱོང་གི་འོས་ཤོག་འཕེན་ཆོག་གི་རེད། ཡིན་ཡང་རྒྱ་བལ་འབྲུག་གསུམ་ནང་སྤྱི་འཐུས་ཡོང་ཁོངས་ཆོལ་ཁ་དང་ཆོས་ལུགས་ཡིན་པས། སྤྱི་འཐུས་ཀྱི་འོས་ཤོག་འཕེན་ཆོག་གི་མ་རེད། རྒྱ་བལ་འབྲུག་གསུམ་ནང་སྡོད་མཁན་ཞིག་ཕར་ཕྱི་རྒྱལ་དུ་དེའི་ཉིན་ཡོད་ནའང་དེ་བཞིན་སྲིད་སྐྱོང་གི་འོས་འཕེན་ཆོག་པ་དང་། ཕྱི་རྒྱལ་ཁག་གི་སྤྱི་འཐུས་ཀྱི་འོས་འཕེན་ཆོག་གི་མ་རེད།
དྲི་བ། འོས་བསྡུའི་འགྲོ་སོང་གི་ཁྱབ་བསྒྲགས་ཆེད་འགྲོ་སོང་ག་ཚོད་སོང་ན། རྩིས་ཁྲ་འོས་བསྡུ་ལས་ཁང་ལ་སྤྲོད་དགོས་པའི་སྒྲིག་གཞི་ཡོད་པས། མི་སྒེར་པ་སོགས་ཀྱིས་ས་གནས་སོ་སོར་དྭང་བླངས་ཐོག་འོས་མི་ཁྱབ་བསྒྲགས་བྱེད་མཁན་མང་པོ་ཡོད་རེད། དེ་ཚོ་ཚང་མས་ཡར་རྩིས་སྤྲོད་རྒྱུ་ཁག་པོ་ཆགས་ཀྱི་མ་རེད་དམ། རྩིས་ལེན་སྟངས་ག་འདྲ་དགོས་རེད།
ལན། ད་ལྟ་མཉམ་མྱོང་གསོག་རྒྱུ་དང་གོ་རྟོགས་སྤེལ་གྱི་ཡོད་པ་རེད། དངོས་གཞིའི་འོས་བསྡུ་ཁྱབ་བསྒྲགས་མ་བྱས་སྔོན་ནས་འོས་མི་སོ་སོ་ཁྱབ་བསྒྲགས་ཆེད་འགྲིམ་འགྲུལ་དང་། གསལ་བསྒྲགས་རིགས་ཀྱི་འགྲོ་སོང་། དེའི་ཆེད་དུ་གཞན་གྱིས་ཚུར་སྤྲད་པ་ཚང་མའི་རྩིས་ཁྲ་ས་གནས་འོས་བསྡུ་ལས་ཁང་ལ་ཕུལ་དགོས་རེད། དེ་ཡར་མ་སྤྲད་ན་ག་རེ་བྱེད་རྒྱུ་རེད་ཟེར་ན། འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་ལྔ་པའི་ནང་འདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཕྲོགས་པ་སོགས་ཀྱི་ཉེས་པ་གཏོང་རྒྱུ་ཡོད་པ་རེད། དེ་མིན་ང་ཚོས་ཉེས་པ་གཏོང་ཐུབ་ཀྱི་མ་རེད།
དྲི་བ། རྩིས་ཁྲ་ཚང་མ་ཡར་སྤྲད་ཡོང་སྐབས། འགྲོ་སོང་ཚད་ལས་བརྒལ་ཡོད་ན། ག་འདྲ་གནང་གི་རེད་དམ།
ལན། ཚད་དེ་ལས་བརྒལ་ན་འོས་བསྡུའི་སྒྲིག་གཞི་དོན་ཚན་༢༥ པའི་དགོངས་དོན་བཞིན་ཉེས་ཆད་ཕོག་གི་རེད། དཔེར་ན་སྲིད་སྐྱོང་དུ་ལངས་མཁན་ཞིག་ཡིན་ན། རྒྱབ་སྐྱོར་བྱེད་མཁན་དེས་འགྲོ་སོང་བཏང་བ་དེ་སྲིད་སྐྱོང་ལ་ལངས་མཁན་གྱི་འགྲོ་སོང་ནང་བསྡོམས་ཀྱི་ཡོད་པ་རེད། དེར་བརྟེན་དོ་བདག་གིས་འགྲོ་སོང་ག་འདྲ་གཏོང་དགོས་རྒྱབ་སྐྱོར་བྱེད་མཁན་ལ་སྟངས་འཛིན་དགོས་པ་རེད། རྒྱ་གར་ཡིན་ན་འོས་མིར་ལངས་མཁན་དེས་སོ་སོའི་འགྲོ་སོང་དང་ཁྱབ་བསྒྲགས་བྱེད་རྒྱུར་འགན་ཁུར་མཁན་ལས་བྱེད་ཅིག་ཉར་གྱི་ཡོད་པ་རེད། གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་ཁག་གིས་འོས་མི་བཀྲམ་པའི་འགྲོ་སོང་འོས་མིར་ལངས་མཁན་གྱི་འགྲོ་སོང་ནང་བརྩི་ཡི་མ་རེད། དེ་ཚོགས་པ་སོ་སོ་ལ་སྒྲིག་གཞི་དང་རྩིས་ཡོད་པ་རེད། འོས་མིར་ལངས་མཁན་དང་དེ་ལ་རྒྱབ་སྐྱོར་བྱེད་མཁན་སྒེར་པ་དང་མི་ཁག་ཅིག་མཉམ་རུབ་བྱེད་མཁན་ཚོས་འགྲོ་སོང་གི་རྩིས་ཁྲ་གསལ་པོ་དགོས་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་བཅར་འདྲི།