གནས་ཚུལ་དེས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་བློ་ཕམ་བྱུང་ཡོད།

press_karmapa_01གསར་འགོད་ལྷན་ཚོགས་དེའི་ཐོག་ཏུ་དམིགས་བསལ་ཧིན་དྷིའི་ཐོག་སྐད་བསྒྱུར་བ་ཁུ་ནུ་བ་རཱོ་ཤན་ལཱལ་ནེ་གྷི་ལགས་དང། བཀྲ་ཤིས་ལྗོངས་ན་གཞོན་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཡེ་ཤེས་ཆོས་རྒྱལ་སོགས་ཆེད་བཅར་བྱས་ཡོད་པ་རེད། དེའི་ཧིན་དྷིའི་སྐད་བསྒྱུར་བ་ཁུ་ནུ་བ་རཱོ་ཤན་ལཱལ་ནེ་གྷི་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ང་ཚོ་ས་གནས་མི་མང་དང་མཐུན་ལམ་ཡག་པོ་དགོས་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་ཁོ་རང་ཚོས་མཐུན་སྒྲིལ་ཡག་པོ་བྱུང་ན་བསམ་པ་རེད། བོད་པའི་སྤྱི་ཚོགས་ནང་དུ་༧ཀརྨ་པའི་གནས་ཚུལ་དེ་ཡར་བསླངས་ནས་དཀྲོག་གཏམ་ཡིན་ན་གང་ཡིན་ཧ་གོ་ཡི་མི་འདུག དེར་བརྟེན་གསལ་བཤད་བྱེད་རྒྱུ་གལ་ཆེན་པོ་མཐོང་ནས་གསར་འགོད་ལྷན་ཚོགས་འདི་བསྐོང་བ་རེད། གནས་ཚུལ་དེས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་སེམས་ཕམ་དགོས་པ་བྱུང་ཡོད་པ་རེད། དེར་བརྟེན་རྒྱ་གར་གྱི་གསར་འགོད་པ་རྣམས་དང་འབྲེལ་བ་ཡག་པོ་ཡོང་བའི་ཆེད་དུ་རེད། རྒྱ་གར་གྱི་གསར་འགོད་པ་ག་དུས་ཡིན་ཡང་དགོས་གལ་ཅན་ཞིག་རེད། སྐབས་རེ་སྐད་ཀྱི་ཐོག་ནས་གོ་བརྡ་ཏག་ཏག་མ་འཕྲོད་པའི་དབང་གིས་འཁྱོག་བརྗོད་རིགས་ཡོང་སྲིད་པ་རེད་ཅེས་སོགས་གསལ་བཤད་བྱས་སོང།

གསར་འགོད་གསལ་བསྒྲགས་ཏུ་འཁོད་པའི་གསལ་བཤད་དུམ་བུ་བཅུ་འདུག་པ་རྣམས་གཤམ་གསལ་ལྟར་ཡིན།

༡ ༧ཀརྨ་པ་ལ་རྒྱ་གར་ལ་ཕེབས་སྐབས་དགུང་གྲངས་བཅུ་བཞི་ལས་མིན་ཅིང། ལོ་ངོ་བཅུ་བཞི་ལོན་པའི་ཕྲུ་གུ་སྲིད་དོན་གྱི་ཤེས་ཡོན་དང་ཉམས་མྱོང་གང་ཡང་མེད་ཅིང། རྒྱ་གར་གྱི་སྐད་ཡིག་འབྲུ་གཅིག་ཙམ་མི་ཤེས་པ་དེ་འདྲ་ཞིག་རྒྱ་གར་ལ་རྒྱ་མིའི་ཆེད་གཉེར་གྱི་སོ་ཉུབ་བཏང་བ་རེད་ཟེར་བ་དེ་འདྲ་ནི་འཛམ་གླིང་ལོ་རྒྱུས་ནང་དེ་སྔོན་བྱུང་བ་མ་མྱོང་བའི་གནས་ཚུལ་ཞིག་རེད།

༢ ༧རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ལོ་ངོ་མང་པོའི་རིང་གར་ཡོད་ཙམ་ཡང་མི་ཤེས་པར་རྒྱ་མིའི་དོ་དམ་འོག་ཏུ་ཚུད་བཞིན་པ་ལ། ༧རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བའི་སྤྲུལ་པའི་སྐུ་ཞིག་གིས་རྒྱ་ནག་གཞུང་གི་གསང་བའི་སོ་ཉུལ་བྱེད་པའི་ཡིད་ཆེས་དེ་འདྲ་ཞིག་རྒྱ་ནག་གཞུང་ལ་སྐྱེ་སྲིད་དམ།

༣ ཀརྨ་པ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་བོད་ནས་འབྲེལ་ཡོད་མི་སྣ་མང་པོ་དུས་བཀག་གི་བཙོན་འཇུག་བྱས་པ།

༤ ཡབ་ཡུམ་གཉིས་ཀའང་རྒྱ་མིའི་དམ་དྲག་འོག་ཏུ་ཚུད་ནས་ལོ་ངོ་བཅུ་ཕྲག་ལྷག་འགྲོ་ཡི་ཡོད་ཀྱང། ད་དུང་ཆོག་མཆན་མེད་པར་ཐ་ན་གྲོང་པ་ཕན་ཚུན་ཕེབས་རྒྱུ་ཙམ་ལའང་རང་དབང་མེད་ཅིང་རྒྱ་མིའི་ཉེན་རྟོག་པ་བཞི་ལྔས་རྟག་པར་སྲུང་ནས་སྐུལ་ངལ་ཆེན་པོའི་ནང་བཞུགས་བཞིན་པ་རེད།

༥ ལོ་ཤས་སྔོན་ནས་༧རྒྱལ་བ་ཀརྨ་པའི་སྐུ་པར་མཆོད་ཁང་དུ་སྒྲིག་གཤོམ་མི་ཆོག་པ་དང། དེ་བཞིན་བོད་མི་སུས་ཀྱང་ཀརྨ་པའི་སྐུ་པར་སྐེ་ལ་འདོགས་མི་ཆོག་པ་སོགས་ཀྱིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་རེད། རྒྱ་མིའི་གཞུང་ནས་༧ཀརྨ་པ་མཆོག་རྒྱ་གར་ལ་སོ་ཉུལ་ཆེད་་བཏང་བ་ཡིན་ན་གནས་ཚུལ་དེ་རིགས་འོང་ཐབས་མེད།

༦ ལར་རྒྱ་གར་གཞུང་དང་ཉེན་རྟོག་པའི་གསང་བའི་ལས་ཁུངས་སོགས་ཀྱིས་ལོ་ངོ་བཅུ་ཕྲག་ལྷག་རིང་རྟོག་ཞིབ་གནང་ཡོད་པས་སོ་ཉུལ་བ་ཡིན་པའི་སྐོར་གང་ཡང་ད་ཕན་ལབ་གླེང་བྱུང་མེད་ཅིང། ༧གོང་ས་སྐྱབས་མགོན་ཆེན་པོས་ཀྱང་ཀརྨ་པ་མཆོག་རྒྱ་མིའི་སོ་ཉུལ་བ་མིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཡིད་ཆེས་ཡོད་ཚུལ་གསུངས་གནང་ཡོད།

༧ གསང་ཉུལ་བ་བཏང་བ་ཡིན་སྟབས་རྒྱ་མིའི་དངུལ་ལོ་འབུམ་གཉིས་ཙམ་བླ་བྲང་ནས་ཐོན་ཚུལ་བཤད་ཡོད་ཀྱང། ཀརྨ་པ་གསང་ཉུལ་དུ་བཏང་སྐབས་རྒྱ་གར་གྱི་དངུལ་དང། དེ་བཞིན་ཨ་རིའི་དངུལ། ཡུ་རོབ་དངུལ་བེད་སྤྱོད་མ་བཏང་བར་མཐའ་གཅིག་ཏུ་རྒྱ་མིའི་དངུལ་བེད་སྤྱོད་གཏོང་དགོས་པའི་རྒྱུ་མཚན་གང་ཡང་མེད།

༨ རྒྱ་མིའི་ལག་ཐོགས་ཁ་པར་བྱང་བུ་ཁ་ཤས་རྙེད་སོན་བྱུང་ཡོད་ཚུལ་འཁོད་ཡོད་ཀྱང། ཉེ་སྔོན་ཀརྨ་པའི་བླ་བྲང་ཉེན་རྟོག་པས་བསྔོག་བཤེར་སྐབས། ཁྲིམས་ཁང་གི་ཐོག་ནས་བསྔོག་བཤེར་བྱས་པ་དང། ཁང་པ་གང་ཞིག་བསྔོག་བཤེར་བྱས་པ། བསྔོག་བཤེར་སྐབས་ཅ་དངོས་གང་ཞིག་ཐོབ་ཡོད་པ་སོགས་ཀྱི་ཡིག་ཆའི་ངོ་བཤུས་ཀརྨ་པའི་བླ་བྲང་དུ་སྤྲད་ཡོད་པའི་ནང་ཁ་པར་བྱང་བུའི་སྐོར་གང་ཡང་འཁོད་མེད།

༩ བླ་བྲང་དུ་དངུལ་མང་པོ་ཐོན་པའི་སྐོར་༧གོང་ས་སྐྱབས་མགོན་ཆེན་པོས་ཀརྨ་པ་ཁོང་ནི་བོད་ཀྱི་བླ་ཆེན་ཞིག་ཡིན་ཞིང་འཛམ་གླིང་ནང་ཁོང་ལ་དད་གུས་ཡོད་པའི་སློབ་མ་མང་པོ་ཡོད་པས། དེ་དག་གིས་དད་པས་ཕུལ་བ་ཞིག་ལས་ནག་ཚོང་བརྒྱབ་པའི་དངུལ་ནག་པོ་མིན་པའི་སྐོར་གསལ་པོ་གསུངས་ཡོད་པ་ལྟར་རེད། ༧རྒྱལ་བ་ཀརྨ་པ་ནི་བོད་ཀྱི་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་ནས་མཛད་རྗེས་རིང་ཤོས་ཤིག་དང་སྐྱེས་བུ་སྙན་གྲགས་ཅན་ཞིག་ཡིན། ལར་ནས་ཡེ་ཤུ་དང། ཁ་ཆེ། ཧིན་དྷུ་སོགས་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་ཕྱི་རྒྱལ་དང་རྒྱ་གར་ལ་བཞུགས་པ་ཁག་ལ་དད་པས་ཕུལ་བའི་དངུལ་གྲངས་ལ་ལྟོས་ན་ད་ལན་ཀརྨ་པའི་བླ་བྲང་ནས་ཐོན་པའི་དངུལ་དེ་གྲངས་འབོར་ཉུང་ཤས་ཤིག་ལས་མེད་པ་རེད།

press_karmapa_02༡༠ གསར་འགོད་པས་རྒྱ་མིའི་གཞུང་ནས་༧ཀརྨ་པ་རྒྱ་གར་ལ་གཏོང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ད་ཆ་༧གོང་ས་མཆོག་དགུང་ན་མཐོན་པོར་སོན་ཡོད་སྟབས་ཞལ་མ་བཞུགས་པའི་སྐབས་དེའི་ཚབ་ཡོང་རྒྱུའི་འཆར་འགོད་ཆེད་ཡིན་ཚོད་རེད་སོགས་གཟུགས་མཐོང་བརྙན་འཕྲིན་དུ་འགྲེལ་བཤད་སྣ་ཚོགས་བརྒྱབ་པ་ནི་ཁུངས་མེད་ཀྱི་འཆལ་གཏམ་ཞིག་སྟེ། བོད་ཀྱི་སྤྱི་ཚོགས་འདི་མང་གཙོ་ཡང་དག་པ་ཞིག་ཏུ་བསྒྱུར་རྒྱུར་༧གོང་ས་མཆོག་གིས་ལོ་མང་རིང་འབད་བརྩོན་གནང་ཡོད་ཅིང། དེང་སྐབས་གཞུང་འཛིན་བཀའ་ཁྲི་ཡང་འོས་ཤོག་ཐོག་ནས་བསྐོ་བཞག་གནང་སྟེ་ལོ་ངོ་བཅུ་ཙམ་འགྲོ་ཡི་ཡོད་པ་དང། མ་འོངས་པར་དེ་བཞིན་རྒྱུན་མཐུད་ལག་བསྟར་བྱ་རྒྱུ་ལས་ཀརྨ་པ་མཆོག་གཞུང་འཛིན་གྱི་ལས་ཁུར་ཕེབས་རྒྱུའི་ལམ་སྲོལ་ཡོད་མེད་ཙམ་ཡང་མི་ཤེས་པར་ཤེས་མདོག་གིས་ལྐུགས་རྟགས་བསྟན་པ་ཞིག་རེད་ཅེས་འཁོད་འདུག

དེ་བཞིན་བཀྲ་ཤིས་ལྗོངས་ན་གཞོན་མཐུན་ཚོགས་ཀྱི་མགྲིན་ཚབ་ཡེ་ཤེས་ཆོས་རྒྱལ་གྱིས་དེའི་སྐོར་གསལ་་བཤད་གནང་དོན། རྒྱ་གར་གྱི་གསར་འགོད་པ་ཚོས་གནས་ཚུལ་ཏག་ཏག་ཧ་མ་གོ་བ་དང། སྐད་ཀྱི་ཐོག་ནས་གོ་བརྡ་ཡག་པོ་མ་འཕྲོད་པ། དེ་བཞིན་སྐད་ཆ་འདྲི་ས་ཏག་ཏག་མ་བྱུང་བས་མི་གང་བྱུང་ལ་དྲིས་ནས་དེ་ཚོས་ག་རེ་བཤད་པ་དེ་བཞིན་ཚགས་པར་ཐོག་བྲིས་པ་ཞིག་རེད། དེར་བརྟེན་དེ་རིང་ཧིན་དྷིའི་སྐད་ཐོག་བཤད་མཁན་དམིགས་བསལ་གདན་འདྲེན་ཞུས་པ་ཡིན་ཞེས་འགྲེལ་བརྗོད་བྱས་བྱུང།།

{jcomments on}