འགྲོ་བ་མིའི་རིགས་ཀྱིས་འཇིག་རྟེན་གྱི་སྐད་སྒྲ་ཐོག་མར་ཐོས་པ།
མི་ལོ་བརྒྱ་ཡི་སྔོན་དུ་དེང་རབས་དངོས་ལུགས་རིག་པའི་ཡབ་ཆེན་ཞེས་འབོད་པའི་ཨེ་དབྱིན་སི་ཐན་གྱིས་ལུང་བསྟན་གནང་བའི་འཐེན་ཤུགས་ཀྱི་རླབས་ཡོད་པ་ད་ཆ་ཐོག་མའི་བདེན་དཔང་ཐུབ་ཡོད་ཅིང་། འདི་ནི་དེང་རབས་གནམ་དཔྱད་རིག་པའི་ཁྱབ་ཁོངས་སུ་དུས་རབས་ཤིག་གི་གསར་རྙེད་ཆེན་མོ་རུ་གྱུར་ཡོད་པ་རེད།
ཨེ་དབྱིན་སི་ཐན་གྱིས་དུས་རབས་གཅིག་སྔོན་ལུང་བསྟན་པའི་འཐེན་རླབས་དངོས་སུ་གནས་པ།
ཕྱི་ལོ་༢༠༡༦ ཟླ་༢ ཚེས་༡༡ ཉིན་སྔ་དྲོར། ཨ་རིའི་དངོས་ཁམས་ཚན་རིག་པས་རྒྱལ་ས་ཝ་ཤིང་ཌོན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པའི་ཐོག་གསལ་བསྒྲགས་སྤེལ་བའི་ནང་། འགྲོ་བ་མིའི་རིགས་ཀྱིས་ཐེངས་དང་པོར་ཐད་ཀར་འཕྲུལ་ཆས་ཀྱི་ལམ་ནས་འཐེན་ཤུགས་ཀྱི་རླབས་ཡོད་པ་ཐོག་མའི་ཆར་གྱི་འཚོལ་རྙེད་ཐུབ་པ་མ་ཟད། མུན་དོང་ཆེན་མོ་གཉིས་ཕུན་ཚུན་གདོང་ཐུག་དང་མཉམ་འདྲེས་ལ་ཐོག་མར་ལྟ་ཞིབ་ཐུབ་ཡོད་ཅིང་། ཐེངས་འདིའི་གསར་རྙེད་ཆེན་དང་མི་ལོ་༤༠༠ ཡར་སྔོན་དུ་ཨོ་སི་ཁྲོ་ལི་ཡའི་ཚན་རིག་པ་གྷ་ལི་ལཱའོ་(Galileo) ཡིས་རྒྱང་ཤེལ་བརྒྱུད་དེ་མཚན་ལྗོངས་ལ་ལྟ་ཞིབ་བྱས་པ་གཉིས་མཚུངས་བསྡུར་གྱིས་དཔྱད་བརྗོད་སྤེལ་བཞིན་ཡོད་ལ། འགྲོ་བ་མིའི་རིགས་ཀྱིས་ཐེངས་དང་པོར་འཇིག་རྟེན་གྱི་སྐད་སྒྲ་ཐོས་ཡོད་པ་རེད།
ཉིན་དེར་ཀེ་ལེ་ཧྥོ་ནི་ཡ་ཚན་རྩལ་ལྟེ་གནས་ཁང་དང་མཱེ་སེ་ཆུ་སེ་ཚི་ཚན་རྩལ་ལྟེ་གནས་ཁང་། དེ་བཞིན་LIGO ཚོགས་པ་བཅས་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚན་རིག་པ་དང་། དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་ཨ་རི་རྒྱལ་ཁབ་ཚན་རིག་ཐེབས་རྩ་ཁང་གི་མི་སྣ་བཅས་གསར་འགོད་ལྷན་ཚོགས་ཐོག་མཉམ་ཞུགས་བྱས།
འཐེན་ཤུགས་ཀྱི་རླབས་(གཤམ་དུ་འཐེན་རླབས་ཞེས་འབྲི་རྒྱུ་ཡིན་) ཞེས་འབོད་པ་འདི་ཡང་སྙིང་ཅི་ཞིག་ལ་ཟེར་རམ་ནམ་ཞེ་ན། ཨེ་དབྱིན་སི་ཐན་གྱིས་ཕྱི་ལོ་༡༩༡༠ ལོར་བརྩམས་པའི་སྤྱི་མཚན་ལྟོས་བཅས་སྨྲ་བའི་ལུགས་ལ་གཞིགས་ཏེ་བཤད་ན། ཟླུམ་གཟུགས་མིན་པའི་བྱད་གཟུགས་ཅན་གྱི་རྒྱུ་རྫས་ཕྱིར་འགྱེད་པའི་གནས་སྟངས་འོག རྫས་ཀྱི་འགུལ་སྐྱོད་དམ་རྒྱུ་རྫས་མ་ལག་གི་སྤུས་ཚད་ཕྱིར་བགོ་འགྲེམས་ལ་འགྱུར་ལྡོག་བྱུང་སྐབས་བྱུང་པའི་འཐེན་རླབས་ལ་ཟེར་ཞིང་། དཔེར་ན། རྐང་རྩེད་སྤོ་ལོ་ཞིག་ཚགས་དམ་པའི་རས་དར་ཡུག་གཅིག་གི་དཀྱིལ་དུ་བཞག་ན། རྐང་རྩེད་སྤོ་ལོའི་མཐའ་འཁོར་གྱི་རས་དར་མར་འཁུགས་པའམ་གཉེར་མ་ཆགས་པ་བཞིན། རྒྱུ་སྤུས་ཅན་གྱི་དངོས་པོ་ཞིག་དུས་སྟོང་འོག་འཁྱོག་པའམ་འགུག་པའི་རྣམ་པ་མངོན་གྱི་ཡོད།
ཚན་རིག་པས་བརྗོད་ན། མི་མཇེད་པའི་འཇིག་རྟེན་ཁྲོད་མུན་དོང་ཆེན་མོ་དང་བར་རྡུལ་སྐར་མ་སོགས་གཟའ་སྐར་ཕུན་ཚུན་གདོང་ཐུག་གི་བརྒྱུད་རིམ་ནང་འཐེན་རླབས་འབྱུང་སྲིད་ཅིང་། གདོང་ཐུག་བརྒྱབ་པའི་བརྒྱུད་རིམ་ཁྲོད། སྤུས་ཚད་ཧ་ཅང་ཆེ་བའི་གཟའ་སྐར་དེ་དག་དྲག་ཤུགས་ཀྱི་འགུལ་བསྐྱོད་ལ་བརྟེན་ནས་མཐའ་འཁོར་གྱི་དུས་སྟོང་དུ་ཡོ་བའམ་འཁྱོག་པ་དང་། དེའི་རླབས་ཀྱི་འགུལ་སྐྱོད་དེ་འོད་ཀྱི་མྱུར་ཚད་ཀྱི་ལམ་ནས་ཕྱིར་ཁྱབ་གདལ་དུ་འགྲོ་བཞིན་ཡོད། དེར་བརྟེན། འཐེན་རླབས་ཀྱི་ངོ་བོའམ་རང་བཞིན་ནི་དུས་སྟོང་གུག་ཆའི་འགུལ་སྐྱོད་དམ་འཕེལ་འགྲུབ་ཡིན་ལ། དུས་སྟོང་གི་“རླབས་ཕྲན་”ཞེས་ཀྱང་འབོད། དེ་ལྟར་ནའང་ཨེ་དབྱིན་སི་ཐན་གྱིས་སྐབས་དེར་ངོས་འཛིན་གནང་དོན་ལྟར་ན། འཐེན་རླབས་ལ་བརྟེན་ནས་བྱུང་བའི་དུས་སྟོང་གི་ཡོ་འཁྱོག་ཤིན་ཏུ་ཕྲ་མོ་ཡིན་པའི་རྐྱེན་གྱིས། འགྲོ་བ་མིའི་རིགས་ཀྱིས་ཧ་ལམ་འཚོལ་ཞིབ་བྱ་ཐུབ་མི་སྲིད་པ་ཞིག་ཡིན་པ་རེད།
ཨེ་དབྱིན་སི་ཐན་གྱི་སྤྱི་མཚན་ལྟོས་བཅས་སྨྲ་བའི་ལུགས་ཐོན་པ་ནས་བཟུང་ཚོད་ལྟ་ཐེངས་མང་བརྒྱུད། ཁོང་གིས་ལུང་བསྟན་གནང་བའི་འོད་ཐིག་གི་འགྱུར་ཁུག་དང་གཟའ་ཆེན་ལྷག་པ། དེ་བཞིན་ཉི་མར་ཉེ་བའི་རྒྱུ་ལམ། འཐེན་ཤུགས་ཀྱི་དམར་སྤོ་སོགས་ཚང་མ་འཕྲུལ་ཆས་ཀྱི་ལམ་ནས་བདེན་དཔང་ཐུབ་ཡོད་པ་མ་ཟད། ཚོད་ལྟ་ཐེངས་རེ་རེ་བཞིན་ལྟོས་བཅས་སྨྲ་བའི་ལུགས་དང་ཆུ་ལ་ཆུ་བཞག་ཏུ་གྱུར་ཡོད། འདས་པའི་མི་ལོ་བཅུ་ཕྲག་རིང་རྒྱལ་ཁབ་མི་འདྲ་བའི་ཚན་རིག་པའི་ཚོགས་སྡེ་ཁག་མང་པོས་འཐེན་རླབས་ཡོད་པའི་ཐད་ཀར་གྱི་བདེན་དཔང་རྙེད་ཐུབ་པར་འབད་བརྩོན་རིམ་པ་བྱས་ཀྱང་། ད་ལྟའི་བར་ལམ་ལྷོངས་གཅིག་ཀྱང་མ་བྱུང་། དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་པའི་ནང་ཨ་རིའི་ཚན་རིག་པ་ཞིག་གིས་སྐར་མ་སྤུན་གཉིས་ཀྱི་མ་ལག་ལ་ལྟ་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་འཐེན་རླབས་ཡོད་པའི་ཐད་ཀར་གྱི་བདེན་དཔང་གསར་རྙེད་བྱུང་པ་མ་ཟད། དེར་བརྟེན་ནས་༡༩༩༣ ལོར་ནོར་སྦེལ་དངོས་ལུགས་རིག་པའི་གཟེངས་རྟགས་ཐོབ། དེ་ནས་བཟུང་༢༠༡༥ ལོའི་ཟླ་༩ ཚེས་༡༤ ཉིན། ཞིབ་འཇུག་མི་སྣས་ཨ་རིའི་ས་ཆ་ཁག་གཉིས་ལ་ཡོད་པའི་ LIGO ཞེས་པའི་ཚོད་ལྟ་འཕྲུལ་ཆས་བརྒྱུད་དེ་མུན་དོང་ཆེན་མོ་གཉིས་གདོང་ཐུག་མཉམ་འདྲེས་ནས་བྱུང་བའི་འཐེན་རླབས་བརྡ་རྟགས་འཚོལ་ཞིབ་ཐུབ་པ་དང་། དབྱེ་ཞིབ་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། མུན་དོང་ཆེན་མོ་གཉིས་གཅིག་ཏུ་མ་འདྲེས་པའི་སྔོན་གྱི་སྤུས་ཚད་དེ་ཉི་མའི་སྤུས་ཚད་ཀྱི་ལྡབ་༢༩ དང་༣༦ དང་འདྲ་བ་ཡིན་ཞིང་། གཅིག་ཏུ་འཐིམས་པའི་རྗེས་ཀྱི་སྤུས་ཚད་དེ་ཉི་མའི་སྤུས་ཚད་ཀྱི་ལྡབ་༦༢ དང་མཚུངས། དེའི་ཁྲོད་ཉི་མ་གསུམ་དང་འདྲ་བའི་སྤུས་ཚད་ཀྱི་ནུས་ཤུགས་གཅིག་ཏུ་འདྲེས་པའི་བརྒྱུད་རིམ་ཁྲོད་འཐེན་རླབས་ཀྱི་རྣམ་པའི་ཐོག་ནས་ཕྱིར་གཏོང་བཞིན་ཡོད། ཕྱིར་གཏོང་གི་ནུས་ཤུགས་ཡང་རྩེ་དེ་མཐོང་ཆོས་ཀྱི་འཇིག་རྟེན་ཡོངས་ལ་གཏོང་བའི་ནུས་ཤུགས་ལས་ལྡབ་༥༠ ཙམ་ཆེ་བ་ཡོད་པ་རེད།
ཨེ་དབྱིན་སི་ཐན་གྱི་སྤྱི་མཚན་ལྟོས་བཅས་སྨྲ་བའི་ལུགས་ཀྱི་ལུང་བསྟན་ཆ་ཚང་རེ་རེ་བཞིན་བདེན་དཔང་ཐུབ་ཡོད་ལ། འཐེན་རླབས་དེ་ཏག་ཏག་ཚོད་ལྟའི་ལམ་ནས་བདེན་དཔང་ཐུབ་པའི་ནང་གི་ལྐོག་འགྱུར་གྱི་མགོ་རྙོག་ཐ་མ་དེ་ཡིན་པ་རེད།
དབྱིན་ཡུལ་གྱི་ལྟ་གྲུབ་དངོས་ལུགས་རིག་པའི་སློབ་དཔོན་ཆེན་མོ་སི་ཊེ་ཧྥན་ཧཱ་ཁིན་ (Stephen Hawking) གྱིས་བརྒྱུད་ལམ་ཁག་ཏུ་བརྗོད་དོན། འཐེན་རླབས་ཀྱིས་མིའི་རིགས་ལ་འཇིག་རྟེན་ལ་ལྟ་ཞིབ་བྱ་ཐབས་ཀྱི་རྣམ་པ་གསར་རྐྱང་ཞིག་མཁོ་སྤྲོད་བྱས་ཡོད་ཅིང་། འཐེན་རླབས་ཀྱི་དེ་ལྟ་བུའི་ནུས་པ་འཚོལ་རྙེད་ཐུབ་པ་དེས་འབྱུང་འགྱུར་གནམ་དཔྱད་རིག་པར་བཅོས་སྒྱུར་རང་བཞིན་གྱི་འགྱུར་ལྡོག་ཅིག་གཏོང་སྲིད། ཁོང་གིས་“ ཐེངས་འདིའི་གསར་རྙེད་ནི་ཐེངས་དང་པོ་མུན་དོང་ཆེན་མོའི་ཟུང་ལྡན་མ་ལག་གསར་རྙེད་ཅིག་ཡིན་ལ། ཐོག་མར་མུན་དོང་ཆེན་མོ་མཉམ་འདྲེས་ལ་ལྟ་ཞིབ་བྱ་ཐུབ་པ་བྱུང་ཡོད།
ཨ་རིའི་རྒྱལ་ཁབ་ཚན་རིག་ཐེབས་རྩ་ཁང་གི་འགན་ཁུར་མི་སྣ་ཁི་ཌོ་ཝ་ཡིས་བརྗོད་རྒྱུར། “ཞིབ་འཇུག་འདིའི་ལམ་ནས་བར་སྣང་གི་འཚོལ་ཞིབ་གསར་པས་ང་ཚོས་འཇིག་རྟེན་ལ་རྒྱུས་ལོན་གཏིང་ཟབ་ཏུ་གཏོང་སྟེ། བསམ་ཡུལ་ལས་འདས་པའི་གསར་རྙེད་ཀྱི་ལམ་བུ་གཏོད་སྲིད་ཅིང་། འདིས་འཐེན་རླབས་གནམ་དཔྱད་རིག་པའི་ཞིབ་འཇུག་གི་དུས་རབས་འགོ་བཙུགས་པ་མཚོན་ཡོད།”
འཐེན་རླབས་གསར་རྙེད་ཀྱི་དོན་སྙིང་དང་འབྲེལ་བའི་སྐོར་ལ། དེ་སྔར་LIGO འཚོལ་ཞིབ་འཕྲུལ་ཆས་གསར་གཏོད་ཀྱི་ལས་ཀར་ཞུགས་མྱོང་བའི་ཨ་རིའི་མཱ་རི་ལཎ་ཌི་སློབ་གྲྭ་ཆེན་མོའི་དངོས་ལུགས་སྡེ་ཁག་གི་སློབ་དཔོན་ཕཱ་དབྱི་ཁི་ཡིས་བརྒྱུད་རྒྱུར། ད་ལྟའི་བར་ང་ཚོའི་འཚོལ་ཞིབ་དེ་གློག་རླབས་(གློག་ཤུགས་ཁབ་ལེན་ནུས་པ་ཅན་གྱི་རླབས་) ཁོ་ནར་བརྟེན་ཡོད། ཐོག་མར་མཐོང་ཆོས་ཀྱི་འོད་ནས་བཟུང་སྟེ་དམར་ཕྱིའི་འོད། དེ་ནས་སྐུད་མེད་གློག་རླབས། X-ray གློག་པར། གཱ་མའི་འོད་སོགས་རེ་རེ་བཞིན་བརྒྱུད་དེ་སླེབས་ཡོད་ལ། ད་ལྟ་འཐེན་རླབས་གནམ་དཔྱད་ཀྱིས་ཐེངས་དང་པོར་འགྲོ་བ་མིའི་རིགས་ཀྱིས་ནུས་པ་ཆེས་ཆེ་བའི་འཐེན་ཤུགས་ར་བར་བརྟེན་ནས། ཧ་ལམ་འོད་གི་མྱུར་ཚད་འགུལ་སྐྱོད་ཀྱི་ལམ་ནས་གཟའ་སྐར་དངོས་ལུགས་ལ་བརྟག་ཞིབ་བྱ་ཐུབ། དཔེར་ན་གློག་རླབས་བརྒྱུད་དེ་ལྟ་ཞིབ་བྱ་ཐབས་མེད་པའི་མུན་དོང་དང་བར་རྡུལ་སྐར་མ་སོགས་ཚུད།
ཚན་རིག་པས་ངོས་འཛིན་གནང་དོན། འགྲོ་བ་མིའི་རིགས་ཀྱིས་ད་དུང་ཤེས་རྟོགས་ཐུབ་མེད་པའི་སྨག་རུམ་གྱི་ནུས་པ་དང་སྨག་གི་རྒྱུ་རྫས་ཀྱི་གསང་བ་སོགས་ནི་འཇིག་རྟེན་དང་གཞི་གཅིག་ཏུ་འབྲེལ་བའི་མཐོང་ཆོས་སུ་མ་གྱུར་བའི་དངོས་པོ་ཡིན་པ་དང་། དེང་རབས་དངོས་ལུགས་རིག་པའི་ཀ་ཆེན་གཉིས་ཏེ་སྤྱི་མཚན་ལྟོས་བཅས་སྨྲ་བ་དང་ཀོན་ཊོམ་ནུས་ཤུགས་(རྡུལ་ཕྲན་ནུས་ཤུགས་) རིག་པ་ངེས་པར་དུ་ཟུང་དུ་འབྲེལ་དགོས་ཤིང་། དེ་དག་ཚང་མ་མི་རབས་གསར་པའི་དངོས་ལུགས་རིག་པ་སྨྲ་བས་ཐག་གཅོད་བྱ་དགོས་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད། “འཐེན་རླབས་གཞི་རུ་གྲུབ་པ་དེར་དོན་སྙིང་ཆེན་པོ་ལྡན། རྒྱུ་མཚན་ནི་དེས་ང་ཚོར་འཇིག་རྟེན་ལ་བརྟག་དཔྱད་བྱ་ཐབས་ཀྱི་སྟོབས་ཤུགས་ལྡན་པའི་ལག་ཆ་གསར་པ་ཞིག་མཁོ་སྤྲོད་བྱས་ཡོད། མ་འོངས་པའི་མི་ལོ་འགའ་ཤས་སམ། ཡང་ན་བཅུ་ཕྲག་འགའི་ནང་འཇིག་རྟེན་དང་འབྲེལ་བའི་རླབས་ཆེན་གྱི་གསར་རྙེད་རྒྱུན་ཆད་མེད་པ་ང་ཚོའི་མིག་མདུན་དུ་བརྡོལ་འོང་།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།