ཨོ་བྷ་མས་ཁ་ཆེའི་རྒྱལ་ཁབ་དངོས་སུ་ཕམ་ཉེས་གཏོང་བཞིན་ཡོད་ཟེར།

ཨ་རིའི་སྲིད་འཛིན་ཨོ་བྷ་མས་རེས་གཟའ་ཟླ་བའི་ཉིན་ཨ་རིའི་འགོ་ཁྲིད་པའི་མཉམ་འབྲེལ་དམག་དང་ཁ་ཆེའི་རྒྱལ་ཁབ་བར་གྱི་འཐབ་འཁྲུག་ཁྲོད་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཡོད་ཅེས་དང་། དྲག་སྤྱོད་སྒྲིག་འཛུགས་དེ་ད་ལྟ་དངོས་སུ་ཕམ་ཉེས་གཏོང་བཞིན་པ་མ་ཟད་ཁོང་ཚོའི་འགོ་ཁྲིད་གར་བྲོས་ངེས་མེད་ཀྱི་གནས་སུ་བསྐྱལ་ཡོད་ཅེས་བརྗོད་འདུག

A78C7796-7FF2-49FB-8DCC-3E07C900F585_w640_r1_sཕྱི་ཟླ་༡༢ ཚེས་༡༤ རེས་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཁོང་གི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་ཚོགས་ཆུང་དང་ལྷན་དུ་པཎ་ཊ་གྷོན་དུ་ཁ་ཆེའི་རྒྱལ་ཁབ་ལ་རྒོལ་རྡུང་གི་ཚོགས་འདུ་གསར་ཤོས་དེ་བསྡུས་པའི་རྗེས་གསལ་བསྒྲགས་དེ་སྤེལ་བ་ཞིག་ཡིན་པ་དང་། ཨོ་བྷ་མས་“ང་ཚོ་ཡིས་ཁོང་ཚོར་སྤྲད་པའི་བརྡ་ལན་ཧ་ཅང་སླ། དེའི་རྗེས་སུ་ཁྱོད་ཡིན་”ཞེས་པ་དེ་རེད། དེ་བཞིན་སྲིད་འཛིན་ཨོ་བྷ་མས་ཟླ་འདིའི་འགོ་སྟོད་དུ་ཁེ་ལེ་ཧྥོ་ནི་ཡར་བྱུང་བའི་མི་གསོད་འཇབ་རྒོལ་དང་། ཕྱི་ཟླ་༡༡ པའི་ནང་ཧྥ་རེན་སིའི་རྒྱལ་ས་རུ་འཇིགས་སྐུལ་དྲག་སྤྱོད་པའི་ཁྲག་དྲི་བྲོ་བའི་དམར་གསོད་དོན་རྐྱེན་རྗེས་ཨ་རིའི་མི་མང་ལ་བསྐྱར་དུ་བློ་སྤོབས་སྦྱིན་ཡོད་པའི་རེ་བ་ཡོད་ཅེས་བརྗོད་འདུག ཁེ་ལེ་ཧྥོ་ནི་ཡའི་མི་གསོད་དོན་རྐྱེན་གྱི་ལག་དམར་བ་ནི་ཁ་ཆེའི་རྒྱལ་ཁབ་ཀྱི་ཤན་ཤུགས་ཐེབས་པའི་ཁ་ཆེའི་བཟའ་མི་གཉིས་ཡིན་པ་རེད།

ཨོ་བྷ་མས་ཨ་རིའི་སྔར་བཞིན་མུ་མཐུད་དུ་གོ་ལ་ཡོངས་ཀྱི་ཁ་ཆེའི་རྒྱལ་ཁབ་ལ་ཁ་གཏད་གཅོག་པའི་མཉམ་འབྲེལ་དམག་གི་འགོ་ཁྲིད་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་པ་དང་། མཉམ་འབྲེལ་དམག་གི་བྱ་སྤྱོད་ནི་“ཧ་ཅང་ཛ་དྲག་གི་སེམས་ཚོར་”ངང་མདུན་སྐྱོད་བྱེད་བཞིན་ཡོད་ཅེས་དང་། ཨ་རིའི་ཁ་ཆེའི་རྒྱལ་ཁབ་ཐོག་འཛིན་པའི་འཐབ་ཇུས་ལ་འགྱུར་བ་སོང་མེད་ཀྱང་། མཉམ་འབྲེལ་དམག་དཔུང་གིས་མུ་མཐུད་དུ་འཇིགས་སྐུལ་དྲག་སྤྱོད་པའི་འགོ་ཁྲིད་རྗེས་འདེད་བྱ་རྒྱུ་དང་། ཨི་རག་གི་དམག་དཔུང་དང་སི་རི་ཡའི་ནང་གི་ཁ་ཆེའི་རྒྱལ་ཁབ་ཀྱི་ཁ་གཏད་ཤོག་ཁག་གི་དྲག་པོའི་སྒྲིག་འཛུགས་སོགས་ལ་དམག་སྦྱོང་སྤྲོད་རྒྱུ་མ་ཟད། ཁོང་ཚོར་ལག་ཆ་མཁོ་སྤྲོད་བྱ་རྒྱུ་ཡིན་ཞེས་བརྗོད།

ད་དུང་ཨོ་བྷ་མས་ཁ་ཆེའི་དྲག་སྤྱོད་སྒྲིག་འཛུགས་ཀྱི་མི་སྣས་དམག་མི་གསར་པ་བསྡུ་རུབ་ཀྱི་བྱ་སྤྱོད་ལ་བཀག་འགོག་དང་དཔལ་འབྱོར་གྱི་ཡོང་ཁུངས་གཅོད་ཐབས། དེ་བཞིན་སི་རི་ཡའི་ནང་འཁྲུག་མགྱོགས་མྱུར་ངང་མཇུག་བསྡུས་ཏེ་བར་བརྒལ་གྱི་སྲིད་གཞུང་ཞིག་འཛུགས་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ལ། འདི་ལྟ་བུའི་མཉམ་འབྲེལ་དམག་གིས་ནུས་པ་གཅིག་ཏུ་སྤུངས་ཏེ་ཁ་ཆེའི་རྒྱལ་ཁབ་སྒྲིག་འཛུགས་རྩ་མེད་བཟོ་ཐུབ་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།