ཡུ་རོབ་ཁུལ་གྱི་བོད་ཕྲུག་ཚོར་སྐད་ཡིག་སློབ་ཐབས་ཀྱི་ཚོགས་ཆེན།

ཕྱི་ཟླ་༥ ཚེས་༡༦ནས་༡༨བར་ཉིན་གསུམ་རིང་།སྦེལ་ལྗམ་གྱི་རྒྱལ་ས།སྦལ་སིལ་དུ་ཡུ་རོབ་ཁུལ་གྱི་བོད་དགེ་དང་འགན་འཛིན་རྣམ་པའི་ཚོགས་ཆེན་ཐེངས་གཉིས་པ་སྐོངས་ཚོགས་ཀྱིས།ཡུ་རོབ་ཁུལ་གྱི་བོད་ཕྲུག་རྣམས་ཀྱི་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་དང་།སློབ་དེབ།ཐུན་མོང་གི་བསྒྲུབ་བྱ།དམིགས་འབེན་སོགས་ཀྱི་ཐོག་བགྲོ་གླེང་དང་གྲོས་ཆོད་བཞག་ཡོད་པ་རེད།

 

ཚོགས་འདུའི་སྐབས། འདྲ་པར་མཁོ་གཏོང་བ་ཨ་འཇིགས།
ཚོགས་འདུའི་སྐབས། འདྲ་པར་མཁོ་གཏོང་བ་ཨ་འཇིགས།

ཕྱི་ཚེས་༡༧ཉིན་གྱི་སྔ་དྲོ་ཚོགས་འདུ་དངོས་སུ་འགོ་འཛུགས་ཀྱིས་སྦེལ་ལྗམ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་སྤྱི་དཔལ་ལྡན་གྱིས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་དང་། དེ་ནས་སྐུ་མགྲོན་གཙོ་བོ་སྦལ་སིལ་དོན་གཅོད་དངོས་གྲུབ་རྡོ་རྗེས། ཚོགས་འདུ་འདི་ཚོགས་དགོས་དོན་ཡང་དུས་དང་རྣམ་པ་ཀུན་ཏུ་༸གོང་ས་མཆོག་གི་བཀའ་སློབ་དགོངས་དོན་སྙིང་ལ་བཅངས་ནས་གོ་སྒྲིག་ཞུས་པའི་ཚོགས་འདུ་ཞིག་ཡིན་དུས། གལ་ཆེ་ཤོས་དེ་ཚོགས་བཅར་བའི་གྲུབ་ཆ་དང་། ཆ་ཤས་བཞེས་སྟངས། དགོངས་པ་བཞེས་སྟངས། དགོངས་ཚུལ་འདོན་སྟངས་སོགས། ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་བོད་སྤྱི་པའི་དོན་དང་། བྱེ་བྲག་ཏུ་ང་ཚོ་ནུབ་ཕྱོགས་ཁུལ་དུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་གཞོན་སྐྱེས་རྣམས་ཀྱི་མ་འོངས་མདུན་ལམ་གྱི་ཆེད་དུ། གང་དགའ་ཅི་འོས་ཀྱི་གྲོས་བསྡུར་གནང་སའི་སྡིང་ཆ་གལ་ཆེན་པོ་ཞིག་ཡིན་སྐོར་གྱི་གསུང་བཤད་གནང་སོང་།

དེའི་རྗེས།ཆེད་དུ་གདན་ཞུ་བྱས་པའི་ལམ་སྟོན་གཏམ་བཤད་གནང་མཁན་ཆུང་ཚེ་རིང་གིས། ཕྱི་སྡོད་བོད་ཕྲུག་ཚོར་སློབ་ཁྲིད་ཀྱི་ཐབས་ལམ་ཇི་འོས་དང་ཚགས་ཚུད་གཏོང་ཕྱོགས་སྐོར་ལ་གསུང་དོན།ཁོར་ཡུག་ཁག་པོ་ཞིག་དང་དུས་ཡུན་ཧ་ཅང་ཐུང་ཐུང་ཞིག་གི་ནང་དུ་བོད་ཀྱི་སྐད་ཡིག་སློབ་དགོས་དུས།དམིགས་ཡུལ་ཆེན་པོ་ཞིག་འགྲུབ་ཐབས་མེད་པའི་དོན་དངོས་གླེང་སློང་དང་།ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཕྲུག་རྣམས་ལ།ཕལ་སྐད་གལ་ཆེར་བཟུང་ནས།ཕར་བཤད་ཐུབ་པ་དང་ཚུར་གོ་ཐུབ་པ་ཞིག་དགོས་པའི་དམིགས་འབེན་གསལ་སྟོན་དང་སྦྲགས།རིམ་པ་དང་པོ།བཤད་པ་གཙོ་བོར་བཟུང་ནས་འབྲི་ཀློག་ཕལ་བར་འཛིན་པ།རིམ་པ་གཉིས་པ།བཤད་ཀློག་གཅིག་མཚུངས་བྱེད་པ།རིམ་པ་གསུམ།ཀློག་འབྲི་གཉིས་གཙོར་བཟུང་བྱེད་དགོས་པའི་སློབ་སྦྱོང་གི་ཐབས་ལམ་གསལ་སྟོན་གནང་།བོད་ཡིག་མིག་མདུན་ལ་རྒྱུན་དུ་མངོན་ཐབས་གཙོ་བོར་བཟུང་ནས་ནང་སྦྱོང་ལས་སླ་བོའི་རིགས་ངེས་པར་སྤྲོད་དགོས་པ་དང་།དེ་མཚུངས་ཕ་མའི་གཞོགས་འདེགས་ངེས་པར་མཁོ་བས། ཕ་མ་དང་ཕྲུ་གུ་ནང་གཅིག་ལ་ཡོད་ནའང་འཇིག་རྟེན་གཉིས་ལ་ཡོད་པའི་བཟོ་འདྲ་བོ་ཆགས་པ་ནི་ནོར་འཁྲུལ་ཆེན་པོ་ཡིན་པ་སོགས་ཀྱི་གལ་ཆེའི་ལམ་སྟོན་གསུང་བཤད་གནང་།

ཚོགས་ཞུགས་པ་ལྷན་འཛོམས། འདྲ་པར་མཁོ་གཏོང་བ་ཨ་འཇིགས།
ཚོགས་ཞུགས་པ་ལྷན་འཛོམས། འདྲ་པར་མཁོ་གཏོང་བ་ཨ་འཇིགས།

ཉིན་རྒྱབ་ཆེད་དུ་གདན་ཞུ་བྱས་པའི་ལམ་སྟོན་གཏམ་གནང་མཁན་རྒན་ལྷ་མོ་སྐྱབས་ཀྱིས་ཡུ་རོབ་ཁུལ་དུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་རྣམས་ཀྱི་བོད་ཡིག་ཤེས་ཚད་དང་།དམིགས་འབེན་གྱི་ཐོགབོད་ཡིག་གསར་དུ་སློབ་མཁན་དང་རྨང་གཞི་ཅུང་ཟད་ཡོད་པ་ཚང་མར།ཡུལ་དུས་གནས་བབས་དང་མཐུན་པའི་དོན་དངོས་གཞི་ལ་བཞག་ནས།དངོས་སུ་ལག་བསྟར་ཡོང་ཐབས་ཀྱི་ཐབས་ལམ་གསལ་སྟོན་མཛད།

གདན་ཞུས་གཏམ་བཤད་པ་དམ་ཆོས་བསམ་འཕེལ་ཀྱིས་ཕ་སྐད་ཡར་རྒྱས་དང་ཁྱབ་སྤེལ་གཏོང་ཕྱོགས་སྐོར་ལ་གཏམ་བཤད་དང་།བོད་དགེ་ལྷག་པ་ཚེ་རིང་གིས་ཁྲིད་གཞིའི་སློབ་དེབ་གཅིག་གྱུར་དགོས་མིན་དང་གཏན་འབེབས་ཇི་ལྟར་བྱ་རྒྱུའི་ཐོག་གཏམ་བཤད་གནང་།

སྦལ་སིལ་བོད་ཀྱི་དོན་གཅོད་ཁང་དང་སྦེལ་ལྗམ་བོད་རིགས་ཚོགས་པ།སྦེལ་ལྗམ་ས་གནས་གནས་གཞོན་ནུ་ཚོགས་པ་སོགས་མཉམ་འབྲེལ་གྱིས།ཡུ་རོབ་རྒྱལ་ཁབ་ཁག་ནས་ཕེབས་པའི་ཚོགས་ཞུགས་པ་ཡོངས་ལ་དགོང་མོའི་གསོལ་ཚིགས་འདེགས་འབུལ་ཞུས་རྗེས།སློབ་ཕྲུག་ཚོས་གཞས་དང་ཞབས་བྲོ་འཁྲབ་སྟོན་དང་སྦྲགས།ཚོགས་ཞུགས་པ་རྣམས་ཀྱིས་ཀྱང་གཞས་དང་ཞབས་བྲོ།སྙན་ངག་གྱེར་འདོན་སོགས་བྱས་ཡོད་པ་རེད།

ཕྱི་ཚེས་༡༨  ཉིན།ཆེད་དུ་གདན་ཞུ་གནང་བའི་ཆེད་ལས་གཏམ་བཤད་གནང་མཁན་སྐྱེས་མ་ཏ་མ་ར་TamaraFoubert ཡིས་སྐད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་སྐོར་ལ་ཟབ་སྦྱོང་དང་། ཆུང་ཚེ་རིང་གིས་བོད་ཕྲུག་རྣམས་ཀྱི་ཤེས་ཚད་སྔར་ལྷག་གོང་མཐོར་གཏོང་སླད་ཐུན་མོང་གི་བསྒྲུབ་བྱ་ཇི་ཡོད་སྐོར་ལམ་སྟོན་དུ།བོད་ཀྱི་སྐད་ཡིག་མུ་མཐུད་གནས་ཐབས་ལ་ཕ་མས་སོ་སོའི་ཕྲུ་གུ་དང་ཚ་བོ། ཡང་ཚ་སོགས་མི་རྒྱུད་རིམ་པ་དང་། ཁྲོམ་སྲང་དང་སྤྱི་གླིང་སོགས་སྤྱི་ཚོགས། སྒྲིག་འཛུགས། བརྗོད་བྱ་སོགས་ཀྱི་ཐོག་ནས་སྐད་ཡིག་སྲུང་སྐྱོབ་དང་། ཤེས་ཚད་གོང་མཐོར་གཏོང་ཐབས་གནང་དགོས་པའི་ཐབས་ལམ་གཙོ་འདོན་དང་འབྲེལ། ཕ་སྐད་ཀྱི་རྨང་གཞི་བརྟན་པོ་ཡོད་ན་སྐད་ཡིག་གཞན་ལས་སླ་བོར་ཤེས་ཐུབ་པ་དང་། ཕྲུ་གུ་རྣམས་ཀྱི་སྐད་ཆ་དང་པོ་བཤད་ས་དང་སེམས་ཐག་ཉེ་ས་དེ་ཕ་མ་ཡིན་དུས་ཁྱིམ་ཚང་ནས་མགོ་འཛུགས་དགོས་པ་ཧ་ཅང་གལ་ཆེན་ཡིན་པ། བོད་ཡིག་སློབ་གྲྭ་ལ་མཚོན་ན། ས་གནས་སློབ་གྲྭ་ལས་ལེགས་པ། སྤྲོ་སྣང་ཡོད་པ་བརྩེ་སེམས་ཡོད་པ་ཞིག་ཡིན་དགོས་པ་དང་། དགེ་རྒན་གྱིས་གྲ་སྒྲིག་ཀྱང་ཡག་པོ་གནང་ནས་མང་པོ་མེད་པའི་ཐོག་ཚིག་གསར་ཡོད་པ། སེམས་ཐག་ཉེ་བོ་དང་ཐབས་ལམ་མང་པོ་བེད་སྤྱོད་གནང་དགོས་པ་སོགས་ཀྱི་ལམ་སྟོན་གནང་།

ཐེངས་འདིའི་ཚོགས་ཆེན་གོ་སྒྲིག་གནང་མཁན་ནི་སྦེལ་ལྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ཡིན་ལ།སུད་སི་དང་ཧྥ་རན་སི།ཧོ་ལན།སྦེལ་ལྗམ་བཅས་ཡུ་རོབ་རྒྱལ་ཁབ་བཞི་ཡི་དགེ་རྒན་དང་འགན་འཛིན་སུམ་ཅུ་ཙམ་དངོས་སུ་ཚོགས་འདུར་ཞུགས་ཡོད་པ་རེད།

གྲོས་ཆོད་དངོས།

༡          འཆར་གཞི་དང་བརྒྱུད་རིམ་ལྡན་པའི་སློབ་ཁྲིད་གཙོར་བཟུང་ཐོགརྩེད་མོའི་རྣམ་པའི་ཐོག་ནས་ཉེ་འཁོར་གྱི་རྒྱུན་སྤྱོད་ཐ་སྙད་སེམས་ལ་འཇོག་ཐབས་གནང་དགོས།

༢          བོད་ཡིག་སློབ་གྲྭར་རྒྱུན་བཅར་ཆེད་སྤྲོ་སྣང་འཕེལ་བའི་སློབ་ཁྲིད་ཐབས་ལམ་ལག་བསྟར་གནང་རྒྱུ།

༣          དགེ་རྒན་གྱིས་ནང་སྦྱོང་ངེས་པར་སྤྲོད་དགོས་པ་དང་།ནོར་བཅོས་ངེས་པར་གཏོང་དགོས།

༤         དགེ་རྒན་གྱི་སློབ་ཁྲིད་ཙམ་མ་ཡིན་པར།དགོས་ངེས་རིགས་ལ་ཕན་ཚུན་དབར་བོད་སྐད་ཤོད་རེས་ལ་དུས་ཚོད་ངེས་ཅན་ཞིག་གཏོང་རྒྱུ།

༥          དགེ་རྒན་གྱིས་སྔོན་ཚུད་ནས་གྲ་སྒྲིག་ཡོད་པའི་ཐོག་ནས།སློབ་མ་རྣམས་མཚམས་མཚམས་ལ་ཕྱི་རོལ་ཏུ་ཁྲིད་ནས་ཕྱི་རོལ་གྱི་བྱ་དངོས་རྣམས་ངོ་སྤྲོད་བྱེད་དགོས།

༦          སྐད་འཕྲིན་སོགས་རྒྱུད་ལམ་ཐོག་ནས།དགེ་རྒན་གྱིས་ཉིན་རེའི་སློབ་ཚན་ག་རེ་བསླབས་པ་དག་ཕ་མ་ལ་འགྲེལ་བཤད་དང་།དེ་ཚོ་ཁྱིམ་ཚང་ནང་དུ་སློབ་པར་འབོད་སྐུལ་གནང་དགོས།

༧          ཕ་མས་ནང་སྦྱོང་ལ་རོགས་རམ་བྱེད་པ་དང་།སྐུལ་སློང་བྱེད་པ།མིང་རྟགས་འགོད་པར་འབད་བརྩོན་གནང་གལ།

༨          ཕ་མས་རང་ཁྱིམ་དུ་ཕྲུ་གུ་དང་མཉམ་དུ་བོད་སྐད་གཙང་མ་བཤད་རྒྱུར་ཤུགས་སྣོན་དང་སྐུལ་འདེད་བྱེད་དགོས།

གཉིས་པ།ཡུ་རོབ་ཁུལ་དུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་རྣམས་ཀྱི་བོད་ཡིག་ཤེས་ཚད་དང་།དམིགས་འབེན་གླེང་བ།

གྲོས་ཆོད་དངོས།

༡          བོད་པའི་སྐད་དང་ཡི་གེ་ཙམ་མ་ཡིན་པར། གཙོ་བོ་བོད་པའི་གོམས་གཤིས་དང་འདུ་ཤེས་སེམས་ལ་འཇོག་རྒྱུ་གལ་ཆེར་འཛིན་དགོས།

༢          བོད་སྐད་གཙང་མ་བཤད་ཐུབ་པ་དང་གོ་ཐུབ་པའི་ཐོགཀློག་གང་འཚམ་ཐུབ་པ་ཞིག་ཡོང་ཐབས་ལ་འབད་རྒྱུ།

༣          རབ་བྱུང་ན།ཉིན་ཐོ་དང་རང་རང་གི་དྲན་ཚོར་སོགས་ཡིག་ཐོག་ལ་འབྲི་ཐུབ་པ་ཞིག་ཡོང་ཐབས་ལ་འབད་རྒྱུ།

གསུམ་པ།བོད་སྐད་ཡར་རྒྱས་དང་ཁྲིད་གཞིའི་སློབ་དེབ་གཅིག་གྱུར་དགོས་མིན་དང་གཏན་འབེབས་བྱེད་ཕྱོགས།

༡          ཡུ་རོབ་ཀྱི་སློབ་གྲྭ་ཁག་མཉམ་འབྲེལ་གྱིས་ཡུལ་དུས་གནས་བབས་ལ་བསྟུན་ནས།བོད་ཕྲུག་རྣམས་ཀྱི་བོད་ཡིག་ཤེས་ཚད་ཞིབ་འཇུག་དང་འབྲེལ། འཚོ་བ་དངོས་དང་འབྲེལ་བ་ཡོད་པའི་རྒྱུན་སྤྱོད་ཀྱི་ཐ་སྙད་ཅན་གྱི་གཅིག་གྱུར་སློབ་དེབ་དགོས་གལ་ཆེ་བས།བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་གཞིར་བཟུང་ཐོགཁ་སྣོན་དང་བཅོས་སྒྲིག་གང་ལེགས་ཀྱིས་སློབ་དེབ་བཟོ་བར་གྲ་སྒྲིག་དང་འབད་བརྩོན་ས་གནས་སོ་སོ་ནས་གནང་དགོས།

བཞི་པ།བོད་ཕྲུག་རྣམས་ཀྱི་ཤེས་ཚད་སྔར་ལྷག་གོང་མཐོར་གཏོང་སླད་ཐུན་མོང་གི་བསྒྲུབ་བྱ་ཇི་ཡོད།

གྲོས་ཆོད་དངོས།

༡          དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལྷན་ཁང་ནས།ནུབ་ཕྱོགས་སུ་ཡོད་པའི་བོད་ཡིག་སློབ་གྲྭ་ཁག་གི་དགེ་ལས་རྣམས་ལ་ཟབ་སྦྱོང་དང་།སློབ་དེབ།དེ་བཞིན་སྤྱི་ཚོགས་ཞབས་ཞུའི་ཕྱག་ཁྱེར་གནང་རྒྱུ་སོགས་སྤྱི་ཡོངས་ཀྱི་གཟིགས་སྐྱོང་འགན་བཞེས་གནང་སྐྱོང་ཡོང་བ་ཞུ་རྒྱུ།

༢          སྐབས་དང་པོིའི་གྲོས་ཆོད་ཀྱི་དགོངས་དོན་ལྟར།རྒྱལ་ཁབ་སོ་སོའི་སློབ་ཕྲུག་རྣམས་ལྷན་གཅིག་ཏུ་བསྐོང་སྟེ།བོད་སྐད་དང་བོད་ཡིགགཞས་སྣ་འགྲན་སྡུར་བྱས་ནས་སློབ་ཕྲུག་ལ་སེམས་ཤུགས་འཕར་མ་སྐྱེ་བའི་ཐབས་ལམ་འཚོལ་རྒྱུ།

༣          ཟླ་གཉིས་ནས་གསུམ་རེའི་ནང་ཕ་མ་དང་དགེ་རྒན་ངེས་པར་དུ་ལྷན་འཛོམས་ཀྱིས།ཕྲུ་གུའི་ཤེས་ཚད་ཡར་རྒྱས་གཏོང་ཕྱོགས་ཐད་གོ་བསྡུར་གནང་རྒྱུ།

༤         ཕ་མས་ཕྲུ་གུ་བདག་སྐྱོང་བྱེད་ཐབས་ཀྱི་གོ་རྟོགས་གོང་མཐོར་གཏོང་སླད།ཆེད་ལས་པ་གདན་ཞུས་ཀྱིས་ཕ་མར་ཟབ་སྦྱོང་སྤྲོད་རྒྱུ།

ལྔ་པ།ལོ་རྗེས་མའི་ཚོགས་ཆེན་གོ་སྒྲིག་བྱེད་ཕྱོགས།
ཚོགས་འདུ་གལ་ཆེན་པོར་ངོས་འཛིན་ཐོགམུ་མཐུད་ཚོགས་ཐབས་ལ་འབད་བརྩོན་གནང་རྒྱུ་དང་།ལོ་རྗེས་མའི་ཚོགས་ཆེན་ཧྥ་རན་སི་ལ་ཚོགས་རྒྱུར་མང་མོས་རེ་སྐུལ་བྱུང་།
ཨ་འཇིགས་ཀྱིས་གནས་ཚུལ་དང་འདྲ་པར་མཁོ་གཏོང་བྱས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||