གྲངས་ཉུང་མི་རིགས་ལ་མཐོང་ཆུང་གཏོང་བའི་རྣམ་པ་མེད་པར་བཟོ་དགོས་ཟེར།

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཟུར་པ་བྱམས་པ་ཕུན་ཚོགས་ཀྱིས་ཉེ་བའི་ལོ་ཤས་རིང་རྒྱ་ནག་ཏུ་གྲངས་ཉུང་མི་རིགས་ལ་མཐོང་ཆུང་གཏོང་བའི་གནས་ཚུལ་རིགས་མང་དག་ཅིག་བྱུང་བཞིན་པ་དང་། རྒྱ་ནག་གིས་གྲངས་ཉུང་མི་རིགས་མཐོང་ཆུང་གི་རྣམ་པ་རྩ་མེད་བཟོ་བར་འབད་བརྩོན་བྱ་དགོས་སྐོར་བརྗོད་ཡོད་འདུག

U334P4T426D181988F16470DT20130308151019རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཚོགས་གཙོ་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས། ཕྱི་ཟླ་༡༢ པའི་ཚེས་༢༢ ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་༢༠ པའི་གྲོས་ཚོགས་ཐེངས་༡༨ པའི་ཚོགས་འདུ་ཐེངས་༢ པའི་སྟེང་གཏམ་བཤད་སྤེལ་སྐབས། མིག་སྔར་རྒྱ་ནག་ཏུ་གྲངས་ཉུང་མི་རིགས་ཀྱི་མཐོང་ཆུང་གནད་དོན་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཞིན་ཧྭ་གསར་ཁང་གིས་གནས་སྤེལ་བའི་ནང་། བྱམས་པ་ཕུན་ཚོགས་ཀྱིས་བརྗོད་དོན། དུས་རྒྱུན་གྲངས་ཉུང་མི་རིགས་ལ་མཐོང་ཆུང་གི་གནས་ཚུལ་རིགས་བྱུང་ས་གཙོ་བོ་ཞབས་ཞུའི་ལས་རིགས་དཔེར་ན། སྐྱེལ་འདྲེན་ས་ཚིགས་དང་མཐའ་མཚམས་བདེ་འཇགས་སྔོག་བཤེར་ཁང་དང་མགྲོན་ཁང་སོགས་ཡིན་ལ། མཐོང་ཆུང་གི་རྣམ་པ་དེའི་རིགས་ལ་ལྡོག་ཕྱོགས་ནས་སྤྱི་ཚོགས་ཟིང་འཁྲུག་འབྱུང་གི་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་ས་ཁུལ་དུ་མི་དགའ་བའི་གཞི་རྩ་ཤུགས་ཆེར་གྱུར་ཡོད། བྱེད་སྟངས་དེའི་རིགས་ནི་མི་རིགས་ས་ཁུལ་རང་སྐྱོང་གི་ཁྲིམས་ལུགས་དང་འགལ་བ་ལྟག་སྤྲོད་ཡིན་པས་ངེས་པར་དུ་རྩ་བ་ནས་ཡོ་བསྲང་བྱ་དགོས། བྱམས་པ་ཕུན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡི་འགན་ཁུར་མྱོང་བ་དང་། ཕྱི་ལོ་༢༠༡༣ ལོ་ནས་ད་ལྟའི་བར་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་གཞོན་གྱི་འགན་ཁུར་བཞིན་པ་རེད།

རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་། ནང་སོག་སོགས་སུ་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་ཏེ་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་ཡོད་སྐོར་གྱི་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། རྒྱ་རིགས་གནས་སྡོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཙམ་དུ་མ་ཟད་གྲངས་ཉུང་མི་རིགས་དེ་དག་གི་ས་གནས་ས་ཐོག་རང་དུའང་གྲངས་ཉུང་མི་རིགས་ལ་མཐོང་ཆུང་གཏོང་བའི་གནས་ཚུལ་རིགས་མང་པོ་ཞིག་བསྟུད་མར་འབྱུང་བཞིན་ཡོད་ལ། གནད་དོན་དབྱེ་ཞིབ་པ་མང་པོས་རྒྱ་ནག་ཏུ་གྲངས་ཉུང་མི་རིགས་ལ་མཐོང་ཆུང་གཏོང་བའི་རྣམ་པ་དེ་མི་གྲངས་མང་བའི་རྒྱ་རིགས་ཀྱི་ནོར་འཁྲུལ་ཙམ་ཞིག་མ་ཡིན་པར། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་མི་རིགས་སྲིད་ཇུས་ཀྱི་སྐྱོན་ཆ་ཡིན་པས། མི་རིགས་འདྲ་མཉམ་མེད་པའི་གནས་སྟངས་དེ་དག་བསྒྱུར་དགོས་ན། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་རང་སྐྱོང་སྲིད་ཇུས་ལ་རྩ་བ་བསྒྱུར་བཅོས་དང་ཡོ་བསྲང་བྱ་དགོས་སྐོར་བརྗོད་བཞིན་འདུག།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།