ཚེ་དབྱི་ཝན་གྱིས་“དྲུག་བཞིར”་ལྟ་ཚུལ་བརྗོད་པ་དང་ཨ་རིས་རྒྱ་ནག་ལ་སྐྱོན་བརྗོད།

160603185947_t_624x351_reutersདེ་རིང་ནི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གི་ཞི་བའི་ཡར་ལངས་ལ་དྲག་པོའི་བཙན་གནོན་བྱས་ཏེ་མི་ལོ་༢༧ འཁོར་བའི་དུས་དྲན་ཡིན་ཞིང་། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱི་ཝན་གྱིས་སྤྱི་ཚོགས་འབྲེལ་མཐུད་བརྒྱུད་ལམ་ངོ་དེབ་སྟེང་དྲུག་བཞི་ལ་ལྟ་ཚུལ་བརྗོད།


ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཚེ་དབྱི་ཝན་གྱིས་ངོ་དེབ་བརྒྱུད་དེ་ཞི་འཇམ་གྱི་ལམ་ནས་དྲུག་བཞིའི་སྐོར་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པ་མ་ཟད། མང་གཙོ་དང་རང་དབང་གི་རིན་ཐང་དང་གལ་ཆེ་རང་བཞིན་ནན་བརྗོད་གནང་།

མི་ལོ་༢༧ ཡར་སྔོན་གྱི་དེ་རིང་གི་ཉིན་མོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་པེ་ཅིང་དུ་རང་དབང་དང་མང་གཙོའི་དགོས་འདུན་འདོན་པའི་སློབ་ཕྲུག་གི་ལས་འགུལ་ལ་དྲག་པོའི་བཙན་གནོན་བྱས་ཏེ། ཚབས་ཆེའི་དམར་གསོད་ཀྱི་དོན་རྐྱེན་ཆེན་པོ་བཟོས།

ཚེ་དབྱི་ཝན་གྱིས་ལོ་རྟག་པར་དྲུག་བཞིའི་རྗེས་དྲན་ཉིན་སེམས་ཚོར་བརྗོད།

ཕྱི་ལོ་༢༠༡༥ ལོའི་དྲུག་བཞིའི་རྗེས་དྲན་སྐབས་ཚེ་དབྱི་ཝན་གྱིས་ཨ་རིར་འཚམས་གཟིགས་བྱེད་བཞིན་པ་དང་། སྐབས་དེར་ཁོང་མོས་“དྲུག་བཞི་དང་མེ་ཏོག་ཀུ་མུད། ཉི་མའི་མེ་ཏོག ཉི་གདུགས་ཀྱི་ལས་འགུལ་སོགས་གང་ཡིན་ལ་མ་ལྟོས་པར་དེ་དག་ཚང་མས་བརྡ་ལན་རེ་སྤྲོད་བཞིན་ཡོད། མི་རབས་གསར་པའི་ཕུགས་བསམ་དང་དགའ་ཞེན་ནི་སྤྱི་ཚོགས་མདུན་བསྐྱོད་ཀྱི་སྒུལ་ཤུགས་ཆེ་ཤོས་སུ་གྱུར་ཡོད་ལ། རང་དབང་དང་མང་གཙོ་ཁོ་ནས་ད་གཟོད་མི་རབས་གསའི་པའི་ཕུགས་བསམ་མངོན་འགྱུར་ཡོང་བ་བྱ་ཐུབ།

ཚེ་དབྱི་ཝན་གྱིས་བརྗོད་རྒྱུར། “མང་གཙོ་དེ་མཚོ་འགག་གཉིས་ཐུན་མོང་གིས་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུའི་རིན་ཐང་ནི། འབྱུང་འགྱུར་མཚོ་འགག་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་དང་དཔལ་ཡོན་འཕེལ་རྒྱས་ཀྱི་ནུས་ཤུགས་ཡིན།”

ཨ་རིའི་སྲིད་གཞུང་གིས་འབོད་སྐུལ།

དེ་དང་དུས་མཚུངས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་སྲིད་གཞུང་གིས་མི་དམངས་མང་ཚོགས་ལ་ཞི་བའི་ངང་དྲུག་བཞིའི་དོན་རྐྱེན་རྗེས་དྲན་བྱ་བཅུག་དགོས་པའི་འབོད་སྐུལ་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་མཚམས་འཇོག་དགོས་སྐོར་བརྗོད་འདུག

མགྲིན་ཚབ་པ་ཊོ་ན་ཡིས་བརྗོད་རྒྱུར། “ཨ་རིའི་སྲིད་གཞུང་གིས་མུ་མཐུད་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་ལོ་དེར་དམར་གསོད་བཏང་པ་དང་འཇུ་བཟུང་བྱས་པ། གར་སོང་ཆ་མེད་དུ་གྱུར་མཁན་གྱི་གནས་ཚུལ་ཡོངས་གྲགས་བྱ་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད། ཕྱི་ལོ་༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་ནས་བཟུང་། རྒྱ་ནག་ལ་འགྱུར་ལྡོག་ཤིན་ཏུ་མང་པོ་བྱུང་ཡོད་ཀྱང་། ཨ་རིའི་སྔར་བཞིན་པེ་ཅིང་སྲིད་གཞུང་གིས་མིག་སྔར་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་ལ་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད།” ཁོང་གིས་དཔེར་མཚོན་གྱི་ལམ་ནས་བརྗོད་དོན། “རྒྱ་ནག་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་ཁྲིམས་རྩོད་པ། གསར་འགོད་པ་དང་སྤྱི་ཚོགས་ལས་འགུལ་བའི་འགོ་ཁྲིད་སོགས་འཇུ་བཟུང་བྱེད་བཞིན་ཡོད།

ཊོ་ན་ཡིས་རྒྱ་ནག་སྲིད་གཞུང་གིས་རྒྱུན་མ་ཆད་པར་སྤྱི་ཚོགས་འབྲེལ་མཐུད་བརྒྱུད་ལམ་བཀག་སྡོམ་དང་། སྨྲ་བརྗོད་རང་དབང་དང་ཆོས་ལུགས་དད་མོས་རང་དབང་ལ་ཚད་བཀག་བཟོ་བ་སོགས་ལ་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་སྲིད་གཞུང་གིས་ངེས་པར་དུ་མི་དམངས་མང་ཚོགས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་བརྩི་བཀུར་བྱེད་དགོས་པའི་འབོད་སྐུལ་བྱས།།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།