སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཆེན་མོའི་གོ་སྒྲིག

ཀ་དག་ཆོས་དབྱིངས་དྲི་མེད་མདངས་ལྡན་མཚོ། །ལྷུན་གྲུབ་རང་བྱུང་པདྨའི་སྡོང་པོའི་རྩེར། ། གང་འདུལ་འགྲོ་ལ་སྤྲུལ་པའི་སྐུར་སྣང་བ། ། སྐུ་གསུམ་སྟོན་པ་པདྨ་འབྱུང་གནས་རྒྱལ། ། དེ་རིང་འདིར་དངོས་སུ་ཕེབས་པའི་སྔ་འགྱུimage4ར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རིན་པོ་ཆེ་རྣམ་པ་གསུམ་དང་། སྤྲུལ་སྐུ་དང་མཁན་པོ་རྣམ་པ། དགེ་བཤེས་རྣམ་པ། བླ་མ་རྣམ་པ། རྒྱ་བཙུན་སློབ་དཔོན་རྣམ་པ། དགེ་འདུན་པ་དང་དམིགས་བསལ་སྐུ་མགྲོན་རྣམ་པ། ཚོགས་ཞུགས་པ་མི་མང་རྣམ་པ། ཚང་མ་ལ་སེམས་ཀྱི་གཏིང་ནས་བཀྲ་ཤིས་བདེ་ལེགས་ དང་འཚམས་འདྲི་ཞུ།

གུས་པ་ཐེངས་འདིའི་ཐའེ་ཝན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཆེན་མོའི་གོ་སྒྲིག་འགན་འཁུར་བ་ཞིག་གི་མིང་ཡོད་པའི་ཆ་ནས་དེ་རིང་ཁྱེད་རྣམ་པ་འདིར་དངོས་སུ་འཛོམས་ཏེ་འདི་ལྟ་བའི་རྨི་ལམ་དུ་ཡང་ཡིད་ལ་འཁོར་བར་དཀའ་བའི་ཁྱད་པར་ཅན་གྱི་དུས་བཟང་ལ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེར་རང་ཉིད་སེམས་ཀྱི་གཏིང་ནས་ཧ་ཅང་དགའ་སྤོབས་ཆེན་པོ་སྐྱེས་བྱུང་། ཐའེ་ཝན་ནི་མིང་དང་དོན་དུ་མཚུངས་པའི་ནོར་བུའི་གླིང་ཕྲན་ཞིག་ཡིན་ཞིང་། འདི་ན་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པའི་འོད་སྣང་དང་། གདུལ་བྱ་དད་ལྡན་གྱི་ལྷག་བསམ་དང་ཡིད་ཆེས་ཀྱི་མེ་ཏོག་པདྨ་ཟུང་དུ་འབྲེལ་ཏེ་ཡོད་པའི་ས་ཆ་ཞིག་རེད། image5ཐའེ་ཝན་གྱི་ཕུན་སུམ་ཚོགས་པའི་ཆ་རྐྱེན་དང་། མཛེས་སྡུག་ལྡན་པའི་ཡ་རབས་དང་དགེ་སེམས་ཀྱིས་དེ་རིང་གི་དུས་ཆེན་ཁྱད་པར་ཅན་འདི་སྲུང་བརྩི་བྱེད་པར་མཐུན་རྐྱེན་ཧ་ཅང་གལ་ཆེན་ཞིག་བསྐྲུན་ཡོད།

ང་ཚོའི་ལོ་ངོ་གཅིག་གི་སྔོན་ཙམ་ནས་མཛད་རིམ་འདི་གོ་སྒྲིག་བྱས་ཤིང་། སྤྱིར་༧གོང་ས་སྐྱབས་མགོན་ཆེན་པོའི་དབུས་ངེས་དོན་གྱི་སྐྱེས་བུ་ཆེན་པོ་རྣམ་གྱི་དགོངས་བཞེད་ལྟར་ང་ཚོ་སེམས་ཀྱི་གཏིང་ནས་ཆོས་ལུགས་རིས་སུ་མ་ཆད་པར་དད་པ་དང་དག་སྣང་ཡོད་ལ། གུ་རུ་རིན་པོ་ཆེ་ཡང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། དམིགས་སུ་བོད་གངས་ཅན་གྱི་སྐྱེ་འགྲོ་ཡོངས་ལ་ཐུན་མོང་དུ་བཀའ་དྲིན་ཆེ་བ་ཡིན་ན་ཡང་། གསང་སྔགས་སྔ་འགྱུར་བའི་ངོས་ནས་དམིགས་བསལ་གྱི་ལས་འཕྲོ་ངེས་ཅན་ཞིག་ཡོད་པ་དང་། རྒྱུ་མཚན་དེའི་དབང་གིས་ཐེངས་འདིའི་སྤྲེལ་ཟླའི་ཚེས་བཅུ་ཆེན་མོའི་ཐད་ལ་ཡང་གཞན་ལས་ལྷག་པའི་འགན་འཁྲི་མང་ཙམ་ཞིག་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོའི་ལས་རིམ་འདི་མུ་མཐུད་རྒྱ་ཆེ་རུ་ཕྱིན་ཅིང་། ཐའེ་ཝན་གྱི་སྔ་འགྱུར་རྙིང་མ་པའི་ཆོས་ཚོགས་ཕལ་མོ་ཆེ་གཅིག་རྗེས་གཉིས་མཐུད་དུ་མཉམ་ཞུགས་གནང་བར་མ་ཟད། ཐའེ་ཝན་གྱི་རྒྱ་བརྒྱུད་ནང་བIMG_9524སྟན་གྱི་བླ་ཆེན་ཁག་ཧ་ཅང་མང་པོ་ཞིག་གིས་བསམ་ཡུལ་ལས་འདས་པའི་རྒྱབ་སྐྱོར་དང་བསྔགས་བརྗོད་གནང་བ་དེས་ང་ཚོ་ལ་སྤོབས་པ་སྔར་ལས་ཆེ་བ་ཞིག་ཐོབ་ཏུ་བཅུག་ཡོད། གུ་རུ་རིན་པོ་ཆེའི་ཐུགས་རྗེ་དང་རིས་སུ་མ་ཆད་པའི་ཆོས་གྲོགས་དག་གི་དག་སྣང་དང་བརྩེ་དུང་གི་རྒྱབ་སྐྱོར་ལ་བརྟེན་ནས་དེ་རིང་ང་ཚོའི་གུ་རུ་རིན་པོ་ཆེའི་དུས་ཆེན་ཁྱད་པར་ཅན་འདི་སྲུང་བརྩི་ཞུ་ཐུབ་པ་བྱུང་བ་ནི་ཧ་ཅང་གཟི་བརྗིད་ཆེན་པོ་ཞིག་རེད་ཅེས་ངས་ཡང་བསྐྱར་ནན་ཏན་བྱས་ནས་ཞུ་འདོད་བྱུང་། བོད་པ་ཚོས་རྒྱུན་དུ། བོད་ཀྱི་བླ་མའི་སྐལ་བ་གུ་རུ་ཉིད། །ལྷ་སྐལ་ཇོ་བོ་ཐུགས་རྗེ་ཆེན་པོ་ཡིན།། ཞེས་ལབ་ཀྱིན་ཡོད་ལ། སེམས་ཀྱི་གཏིང་ནས་ཀྱང་འཕགས་པ་སྤྱན་རིས་གཟིགས་དང་གུ་རུ་རིན་པོ་གཉིས་ལ་ཆེས་ཐུན་མོང་མིན་པའི་ལས་འཕྲོའི་འབྲེལ་བ་ཞིག་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད།

ཁྱད་པར་དུ་ཨྱོན་གུ་རུ་རིན་པོ་ཆེ་དེ་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཡིན་པ་ནི། ཧེ་རུ་ཀ་གསང་བའི་རྒྱུད་ལས། ཡང་དག་མཆོག་གི་སྟོན་པ་ནི། ། གསང་བ་གསུམ་གྱི་མཛོད་འཆང་བ། ། དྲི་བྲལ་པདྨའི་སྙིང་པོ་ལས། །ངོ་མཚར་ཀོ་ཤའི་མཚོ་གླིང་འབྱུང་། ། ཞེས་དང་། ལྷ་མོ་དྲི་མ་མེད་པའི་མདོ་ལས། ཕྱོགས་དུས་རྒྱལ་བ་མ་ལུས་ཀུན། །ཕྲིན་ལས་གཅིག་ཏུ་བསྡུས་པ་ཡིས། །ངོ་མཚར་མཆོག་བརྙེས་རྒྱལ་བའི་སྲས། །ཕྲིན་ལས་འདུས་པའི་བདག་ཉིད་ནི། །ཨྱོན་གྷནྡྷོའི་ནུབ་བྱང་འབྱུང་། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་བཞིན། ཀུན་མཁྱེན་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པ་ཉིད་ཀྱིས། ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ། །དྷ་ན་ཀོ་ཤར་པདྨའི་སྦུབས་ལ་བྱོན། །ཅེས་གསུངས་པ་ལྟར། གུ་རུ་རིན་པོ་ཆེ་ནི་ལོ་ངོ་སྟོང་ཕྲག་གི་ཡར་སྔོན་དུ་རྒྱ་གར་ནུབ་བྱང་ཨོ་རྒྱན་གྱི་ཡུལ་དུ་སྐུ་རྫུས་སྐྱེས་སུ་འཁྲུངས་པ་དང་། དེ་ནས་རྒྱ་གར་ཡུལ་དབུས་སོགས་སུ་ཕེབས་ཏེ་བླ་ན་མེད་པའི་IMG_9525གྲུབ་པ་བརྙེས་པའི་ཚུལ་བསྟན། ཁྱད་པར་དུ་བལ་ཡུལ་ཡང་ལེ་ཤོད་ཀྱི་སྒྲུབ་གནས་སུ་ཕེབས་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་ཚུལ་བསྟན། དཔལ་ན་ལེན་དྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་སྡེ་བཙན་ལ་བཀའ་གནང་བ་ལྟར་བོད་ཀྱི་རྒྱལ་པོས་གདན་དྲངས་ཤིང་། བོད་གངས་ཅན་གྱི་ལྗོངས་སུ་བྱོན་ནས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་བརྟེན་པ་བཅས་བཞེངས་པའི་ས་འདུལ་དང་རབ་གནས་མཛད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། ལོ་ཆེན་བཱེ་རོ་ཙ་ན། མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་སོགས་ལས་ཅན་རྗེ་འབངས་ཡོངས་ལ་ཆོས་ཀྱི་བདུད་རྩི་བསྩལ། གངས་རིའི་ལྗོངས་ཀྱི་རི་བྲག་མཚོ་གསུམ་བྱིན་གྱིས་རླབས། གསང་སྔགས་ཀྱི་བསྟན་པ་དུས་ཀྱི་མཐར་ཡང་མི་ཉམས་པའི་བྱིན་རླབས་མཛད་དེ་སྐུ་དངོས་སུ་ཟངས་མདོག་དཔལ་གྱི་རི་བོར་སྲིན་པོའི་ཁ་གནོན་དུ་ཕེབས། མདོར་ན་གུ་རུ་རིན་པོ་ཆེ་ནི་འཛམ་གླིང་སྤྱི་དང་ཁྱད་པར་དུ་བོད་ཁ་བ་ཅན་དུ་བསྟན་པའི་སྲོལ་བཏོད་མཁན་དང་། སངས་རྒྱས་ལས་ཀྱང་འབྱུང་བར་དཀོན་པའི་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ཉིན་མོར་བྱེད་མཁན་ཡང་ཁོང་ཡིན་པ་རེད། མ་ཟད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ས་སྐྱའི་མ་ཧཱ་པཎ་ཌི་ཏ། ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་སོགས་གུ་རུ་རིན་པོ་ཆེ་ཉིད་དང་ཐུགས་རྒྱུད་གཅིག་པའི་བསྟན་འཛིན་མང་དུ་འབྱུང་བར་ཞལ་བཞེས་དང་སྒྲིབ་མེད་ལུང་བསྟན་གནང་བ་སོགས་བཀའ་དྲིན་གཞལ་དུ་མེད་དོ། །

ད་རེབ་རང་རེ་ཐའེ་ཝན་གྱི་ས་ཁུལ་འདིར་མཚོན་ན་ཡང་། ལོ་བཅུ་གཉིས་ལ་ཐེངས་རེ་ལས་མེད་པའི་ཁྱད་པར་ཅན་གྱི་གུ་རུའི་དུས་ཆེན་འདི་གཞི་རྒྱ་ཆེ་བའི་སྤྲེལ་ཟླའི་ཚེས་བཅུ་ཆེན་མོ་འཚོགས་ཐུབ་པ་བྱུང་བ་ནི་ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་གཟི་བརྗིད་ཅིགimage1་ཡིན་པར་མ་ཟད། འདི་ནི་སྤྱིར་འཛམ་བུ་གླིང་དང་སྒོས་སུ་ཐའེ་ཝན་གྱི་རྒྱལ་ཁམས་འདིར་ཆར་ཆུ་དུས་སུ་བབས། ནད་མུག་མཚོན་འཁྲུག་དང་འབྱུང་བཞིའི་འཇིགས་པ་སོགས་མི་འབྱུང་བར་ཞི་བདེ་དང་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་པའི་ཆེད་དུ་ཡང་ཧ་ཅང་གལ་ཆེ་བའི་རྟེན་འབྲེལ་ཆེན་པོ་ཞིག་རེད། ང་ཚོས་ཀྱང་ས་ཆ་འདི་ནས་བཀའ་དྲིན་ཅན་གྱི་སློབ་དཔོན་གུ་རུ་རིན་པོ་ཆེར་གསོལ་བ་བཏབ་སྟེ་ཁོང་གི་ཐུགས་བསྐྱེད་དང་སྨོན་ལམ་གྱི་རྗེས་སུ་སློབ་སྦྱོང་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཐའེ་ཝན་གྱི་ས་གནས་འདིར་དམ་པའི་ཆོས་ཀྱི་འོད་སྣང་གིས་ཁྱབ་པར་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་དགོས། མཇུག་ཏུ་ཆོས་བརྒྱུད་རིས་མེད་དང་བརྒྱུད་པ་མི་འདྲ་བའི་ཆོས་གྲོགས་དང་སྐྱེས་བུ་དམ་པ་མང་པོ་ཞིག་འདིར་ཕེབས་པར་སྙིང་ནས་བཀའ་དྲིན་ཆེ་ཞེས་སླར་ཡང་ཞུ་བ་དང་། སྤྲེལ་ཟླའི་ཚེས་བཅུ་ཆེན་མོ་འདིའི་ཐོག་མཐའ་བར་གསུམ་དུ་མཉམ་ཞུགས་དང་མཉམ་ལས་གནང་ མཁན་གྱི་ཆོས་གྲོགས་དགེ་བའི་བཤེས་གཉེན་ཡོངས་དང་། ཆོས་ཚོགས་ཁག་གི་ཚོགས་མི་རྣམ་པ། གཞི་རྒྱ་ཆེ་བའི་དད་ལྡན་མི་མང་བཅས་ཚང་མར་བཀའ་དྲིན་ཆེ་ཞུ།།