བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དུས་དབང་སྐབས་ཀྱི་ལས་འགུལ།
ཟླ་འདིའི་ཚེས་༡༥ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ༢༠༡༤ ལོའི་ཟླ་ ༧ ཚེས་ ༣ ནས་ ༡༤ བར་ལ་དྭགས་ཞི་བའི་ཚལ་དུ་༧གོང་ས་༧སྐྱབས་ཆེན་པོ་མཆོག་གི་ཞལ་སྔ་ནས་དུས་འཁོར་དབང་ཆེན་ཐེངས་ ༣༣ པ་བཀྲིན་སྩོལ་བའི་སྐབས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ཀྱིས་གོ་སྒྲིག་འོག ས་གནས་ཁག་༣༠ ནས་ཕེབས་པའི་ས་རྒྱུན་ཚོགས་གཙོ་དང་རྒྱུན་ལས་བཅས་ཁྱོན་བསྡོམས་བུད་མེད་༡༦༠ ཙམ་གྱིས་སྤྱི་ཚོགས་ཞབས་ཞུའི་ཁུར་འགན་ཆེ་གྲས། སྐུའི་ཉེན་སྲུང་དང་འབྲེལ་བའི་ལུས་བཤེར་དང་། གསལ་བསྒྲགས། བུད་མེད་དཀའ་ངལ་འཕྲད་པར་རོགས་སྐྱོར། འཕྲོད་བསྟེན། ཆོས་རྭའི་ནང་སྒྲིག་ཁྲིམས་ལྟ་རྟོག། ཆོས་ཞུ་བའི་དེབ་སྐྱེལ། ཆོས་རྭའི་ནང་གཙང་བཟོ། སྣེ་ལེན་བཅས་ཀྱི་ཐོག་འཁུར་ལེན་ལས་འགན་ཚགས་ཚུད་ཞུས་ཁག་ཟླ་འདིའི་སྤྱི་ཚེས་༡༥ ཉིན་ཡོངས་སུ་མཇུག་སྒྲིལ་བྱས་ཡོད་པ་རེད།
དེའང་ཟླ་འདིའི་ཕྱི་ཚེས་༥ཉིན། ༼བོད་ཀྱི་བུད་མེད་ཀྱིས་བཙན་བྱོལ་མང་གཙོའི་ཆབ་སྲིད་ཀྱི་ཆ་ཤས་བླངས་པའི་ཤུགས་རྐྱེན་༽ཞེས་མང་གཙོ་བགྲོ་གླེང་གོ་སྒྲིག་ཅིག་ཞུས་ཐོག དེར་བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་དང་། སྤྱི་འཐུས་ཤར་གླིང་ཟླ་སྒྲོན། རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་ལྟེ་གནང་ཁང་གི་ཨེ་ཤ་ཡའི་འགན་ཁུར་ལས་བྱེད་བསྟན་འཛིན་དཔལ་སྐྱིད་བཅས་ཀྱིས་གོང་གི་བརྗོད་གཞིའི་སྟེང་གཏམ་བཤད་སྤེལ་ཡོད་པ་རེད།
སྤྱི་ཚེས་༧་དང་༨་ཉིན་གཉིས་རིང་། བུད་མེད་ཀྱི་འཕྲོད་བསྟེན་བསྟེན་ཕྱོགས་སྐོར་ལ་ཆེད་མཁས་པ་སྨན་པ་ལྷ་སྒྲོན་ དང་། སྨན་པ་ཚེ་རིང་ལྷ་སྒྲོལ་གཉིས་ཀྱིས་བུད་མེད་རྣམས་ལ་བུད་མེད་ཀྱི་སྐྱེས་འཕེལ་ནུས་སྟོབས་ངོ་སྤྲོད་གཙོས། བུ་ཕྲུག་སྐྱོང་སྟངས། མངའ་སྦྲུམ་གྱི་གནས་སྐབས་དང་བཙས་རྗེས་ཀྱི་འཕྲོད་བསྟེན་གནང་ཕྱོགས་ཅི་དགེ་སྐོར་གྱི་ངོ་སྤྲོད་སྦྱོང་བརྡར་སྤྲད་ཡོད་པ་རེད།
སྤྱི་ཚེས་༡༣ཉིན། ༼བོད་འཛམ་གླིང་གི་སྣེ་གསུམ་པ་དང་ཨེ་ཤ་ཡའི་བརྟན་ལྷིང་༽ཞེས་རྒྱལ་སྤྱིའི་གནས་རིམ་ཅན་གྱི་བགྲོ་གླེང་གོ་སྒྲིག་ཐོག
རྒྱལ་ནང་དང་རྒྱལ་སྤྱིའི་ཁག་ནས་རྟགས་མ་གང་མང་ཐོབ་གནང་མཁན་ཁོར་ཡུག་སྐོར་གྱི་ཆེད་མཁས་པ་སྐུ་ཞབས་ཚེ་དབང་ནོར་འཕེལ་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་སྐུ་ཞབས་སྤེན་པ་རྒྱལ་མཚན་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འགན་འཛིན་གཞོན་པ་ཤར་གླིང་ཟླ་སྒྲོན་བཅས་ཀྱིས་གཏམ་བཤད་གནང་ཡོད་པ་རེད།།