ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་སྐོར་གྲོས་ཆོད་བཞག་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ནང་ཟླ་འདིའི་ཕྱི་ཚེས་༨ ཉིན་བོད་དོན་སྐོར་ལ་གྲོས་ཆོད་ཅིག་བཞག་ཐུབ་པ་བྱུང་ཡོད་འདུག
ཨ་རིའི་སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པའི་འཐུས་མི་མང་དག་ཅིག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་གཏམ་བཤད་སྤེལ་ཡོད་པ་མ་ཟད། རྒྱ་ནག་སྲིད་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་སྐྱོན་བརྗོད་བྱས་ཡོད་འདུག
མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་པེ་ལོ་སི་ནི་བོད་དོན་སྐོར་ལ་ཐོག་མར་གྲོས་གཞི་འདོན་མཁན་གྱི་ཚབ་མཚོན་མི་སྣ་ཡིན་པ་དང་། ཁོང་མོས་༧གོང་ས་མཆོག་ལ་བསྟོད་བསྔགས་དང་སྦྲགས་བརྗོད་དོན། “རྗེས་འཇུག་པ་ཁྲི་སྟོང་མང་པོའི་ངོས་ནས་བཤད་ན། ཏཱ་ལའི་བླ་མ་མཆོག་ནི་ཤེས་རབ་དང་བརྩེ་དུང་གི་སྤྲུལ་པ་ཞིག་ཡིན་ལ། ན་གཞོན་ཚོའི་ངོས་ནས་བཤད་ན་ཡང་། ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་འདི་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་ནུས་ཤུགས་ཆེན་པོ་འདོན་མཁན་གྱི་སྐུ་ཚབ་ཅིག་ཆགས་ཡོད།”
ལྕམ་ནན་སི་པེ་ལོ་སི་ཡིས་མུ་མཐུད་དུ་བརྗོད་དོན། “བོད་ཀྱི་གནད་དོན་གྱིས་ཨ་རི་དང་འཛམ་གླིང་གི་རིག་ཤེས་ལ་ཉམས་ཚོད་ལེན་བཞིན་ཡོད། གལ་སྲིད་རང་དབང་ལ་དགའ་བའི་མི་རྣམས་རེ་བའི་ཕྱོགས་སུ་ལངས་ཏེ་སྐད་ཆ་མ་བཤད་པ་ཡིན་ན། ང་ཚོར་འཛམ་གླིང་གི་ས་ཕྱོགས་གང་ཞིག་ཏུའང་འགྲོ་བ་མིའི་ཐོབ་ཐང་སྐུལ་འདེད་བྱེད་པའི་བཟང་སྤྱོད་ཀྱི་ལངས་ཕྱོགས་མེད་པར་གྱུར་པ་ཡིན།”
གྲོས་ཆོད་དེའི་ནང་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་དོན་དངོས་རང་བཞིན་གྱི་གྲོས་མོལ་བརྒྱུད་དེ་བོད་ཀྱི་གནད་དོན་ཐག་གཅོད་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད།
ཨ་རའི་གྲོས་ཚོགས་འོག་མིའི་འཐུས་མི་མང་དག་ཅིག་གིས་རྒྱ་ནག་སྲིད་གཞུང་གིས་མུ་མཐུད་དུ་བོད་ཀྱི་ཆོས་རིག་རང་དབང་ལ་བཙན་གནོན་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་པའི་ཁྲོད། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་རའོ་ཨི་བྷ་ཁ་( Rohrabacher) ཡིས་བརྗོད་རྒྱུར། “ཨ་རི་ངེས་པར་དུ་འཛམ་གླིང་ས་ཕྱོགས་གང་སར་རང་དབང་ཆེད་འཐབ་རྩོད་བྱེད་བཞིན་པའི་མི་མང་གི་ཕྱོགས་སུ་ལངས་དགོས་པ་དང་། དེ་ལྟར་བྱས་པ་ཡིན་ན་ད་གཟོད་ང་ཚོ་ཆེས་བདེ་འཇགས་ངང་གནས་ཐུབ། དེའི་ཐད་ས་ཕྱོགས་གང་དུའང་བོད་ལས་ལྷག་པའི་བདེན་དཔང་ཞིག་མེད། བོད་མི་མང་ནི་རྒྱ་ནག་དམར་ཤོག་ཚོགས་པས་ད་ལྟ་རང་བསྐྱར་དུ་གཅིག་གྱུར་བཟོས་ཏེ་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་པའི་རྒྱ་ནག་གི་མི་མང་མིན་ཞིང་། མི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་བོད་ལ་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཡོད།”
ཁྲིམས་ཐོག་ནས་བཀག་རྒྱ་དང་ལས་འགན་མེད་པའི་བོད་དོན་སྐོར་གྱི་གྲོས་ཆོད་དེས་ཨ་རིའི་གཞུང་གིས་ལྷ་ས་རུ་དོན་གཅོད་ལས་ཁུངས་ཤིག་གསར་འཛུགས་བྱས་ཏེ། བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་འཕེལ་རྒྱས་སོགས་ལ་ལྟ་ཞིབ་དང་། ཨ་རིའི་མི་སེར་ལ་དོན་གཅོད་ཀྱི་སྲུང་སྐྱོབ་དང་ཞབས་ཞུ་བསྒྲུབ་དགོས་པར་སྐུལ་འདེད་བྱས་ཡོད་པ་མ་ཟད། ཨ་རིའི་སྲིད་གཞུང་གིས་དེ་ལས་ཀྱང་ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་སྐབས། ཨ་རིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད། ཆོས་ལུགས་རང་དབང་སོགས་ཀྱི་ཐོག་ལ་འཛིན་པའི་དོ་སྣང་ཤུགས་ཆེན་གླེང་དགོས་པའི་སྐུལ་མ་བྱས་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།