རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་རླུང་ལངས་ནས་གསར་འགོད་པར་ལན་འདེབས་བྱས།

160602171506_w_624x351_ap_nocreditརྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་དབྱི་ཡིས་ཁ་ཎ་ཌ་རུ་གསར་འགོད་ལྷན་ཚོགས་སྟེང་། གསར་འགོད་པ་ཞིག་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དྲིས་པའི་སྐབས་ཁོང་ཁྲོའི་རྣམ་པའི་ཐོག་ནས་ལན་འདེབས་བྱས་འདུག


ཟླ་༦ ཚེས་༡ ཉིན་རྒྱ་ནག་དང་ཁ་ན་ཌའི་ཕྱི་འབྲེལ་བློན་ཆེན་ལོ་འཁོར་ཚོགས་འདུའི་རྗེས་ཀྱི་གསར་འགོད་ལྷན་ཚོགས་ཐོག ཁ་ན་ཌའི་གསར་འགྱུར་དྲ་བ་IPolitics ཞེས་པའི་གསར་འགོད་པས་ཁ་ན་ཌའི་བློན་ཆེན་Stéphane Dion ལགས་ལ། ཧོང་ཀོང་གི་དཔེ་ཚོང་བ་ཞིག་གར་སོང་ཆ་མེད་དུ་གྱུར་པའི་སྐོར་གྱི་དཔེར་མཚོན་དང་སྦྲགས་ཏེ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་གཞིགས་ན། ཁ་ན་ཌའི་ཕྱོགས་ནས་ཅིའི་ཕྱིར་རྒྱ་ནག་དང་ལྷན་དུ་ཆེས་མཛའ་མཐུན་གྱི་འབྲེལ་ལམ་རྒྱུན་འཁྱོངས་བྱེད་པ་ཡིན་ནམ། འབྲེལ་ལམ་འདི་ལྟ་བུ་བརྒྱུད་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ལེགས་བཅོས་ལ་སྐུལ་འདེད་ཅི་ལྟར་གཏོང་རྒྱུ་ཡིན་ནམ་ཞེས་དྲིས།

སྤྱིར་དྲི་བ་དེ་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་དབྱི་ལ་ཐད་ཀར་དྲིས་པ་ཞིག་མིན་ནའང་། ཝང་དབྱི་ཡིས་སྔར་བཞིན་ལན་འདེབས་བྱས།

ཝང་དབྱི་ཡིས་གསར་འགོད་པ་མཛུབ་མོ་བསྟན་བཞིན་བརྗོད་རྒྱུར། “ཁྱོད་ཀྱི་དྲི་བར་རྒྱ་ནག་ལ་མི་དགའ་བའི་ཕྱོགས་ལྷུང་གི་ཁེངས་པ་དང་། གང་ནས་སླེབས་མིན་མི་ཤེས་པའི་ང་རྒྱལ་ཟེར་བ་དེ་རེད་འདུག་པས། ངས་ཁས་ལེན་རྩ་བ་ནས་ཞུ་ཐུབ་ས་མ་རེད།”ཞེས་དང་ཝང་དབྱི་ཡིས་མུ་མཐུད་དུ་གསར་འགོད་པ་དེར། “ཁྱོད་རྒྱ་ནག་ལ་སོང་མྱོང་ངམ། རྒྱ་ནག་དེ་དབུལ་ཕོངས་ལག་སྟོང་གི་གནས་ནས་མི་མང་དུང་ཕྱུར་དྲུག་དབུལ་ཕོངས་ཀྱི་དཀའ་སྡུག་ལས་ཐར་བཅུག་ཡོད་པ་ཤེས་ཀྱི་ཡོད་དམ། རྒྱ་ནག་གི་(GDP) ཨ་སྒོར་༨༠༠༠ གྱི་དཔལ་འབྱོར་སྒྲོམ་ཨང་གཉིས་པ་སླེབས་ཡོད་པ་ཤེས་ཀྱི་ཡོད་དམ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩ་ཁྲིམས་ཀྱི་ནང་དུ་བཞག་པ་ཡོད་པ་ཤེས་ཀྱི་ཡོད་དམ་ཞེས་ལན་འདེབས་དང་མཉམ་དུ་ལྡོག་འདྲི་བྱས་འདུག།

ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།