མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླངས་རུ་ཁག་གིས། བོད་མིའི་མང་གཙོ་ཡར་རྒྱས་ཆེད་ཐེངས་འདིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་གཉིས་ལ་མི་མང་གང་མང་མཉམ་ཞུགས་ཐུབ་ཆེད་ལས་འགུལ་ཁག་ཅིག་སྤེལ་ཟིན་པ་ཡིན་ལ། ད་ལྟའང་ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མིའི་སྐོར་ལ་བགྲོ་གླེང་རིམ་པར་བྱས་ཏེ། འོས་མི་བཅུ་རེ་བཏོན་ཡོད་པ་མ་ཟད། ང་ཚོས་དོ་བདག་སོ་སོར་བཀའ་འདྲི་ཞུས་ཏེ། སྤྱི་འཐུས་ནང་དུ་ལངས་རྒྱུ་ཡིན་པ་ཁས་ལེན་གསལ་པོ་གནང་ཡོད་པས། མང་ཚོགས་ཀྱིས་དེ་ལུགས་འོས་ཤོག་བླུགས་ན་འཐུས། ང་ཚོའི་ཚོགས་མིའིི་ནང་དུ་ཆོལ་ཁ་གསུམ་གྱི་མི་ཡོད་ལ། འོས་མི་བཅུ་དེ་ཡང་ཚོགས་མིའིི་ཁྲོད་ནས་མང་མོས་དང་སྤྱི་མོས་གང་རུང་གིས་གཏན་འབེབས་བྱས་པ་ཡིན།
འོས་མི་ཚོར་ཆ་རྐྱེན་དམིགས་བསལ་གང་ཡང་བཏོན་མེད་ལ། འབོད་སྐུལ་དོན་ཚན་གསུམ་ཞུས་ཡོད།
༡ ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དང། གྲོས་ཚོགས་ནང་ཁུལ་གྱི་ཕྱོགས་རིས་མེད་པའི་ཐོག་ནས་དུས་རྟག་ཏུ་བོད་པའི་རྩ་དོན་གཙོ་བོར་བཟུང་ནས་ལས་དོན་གནང་རོགས།
༢ ཆབ་སྲིད་ལངས་ཕྱོགས་རང་བཙན་དང་དབུ་མའི་ལམ་གང་ཡིན་རུང་ངེས་ཤེས་རྙེད་པའི་ཐོག་ནས་ལངས་ཕྱོགས་འཛིན་པ་ལས། ཕན་ཚུན་གུས་བརྩི་མེད་པར་དོན་མེད་བསྙོན་འཛུགས་རིགས་མ་གནང་རོགས།
༣ བོད་པའི་མང་གཙོ་གོང་འཕེལ་གྱི་ལས་དོན་ནང་མཉམ་ཞུགས་དང། ཡར་རྒྱས་གཏོང་རྒྱུའི་ལས་དོན་གནང་རོགས།