སྤྲུལ་སྐུའི་ངོས་འཛིན་དཔང་ཡིག་བཙོང་པའི་ཉེས་མིང་འོག་ཀྲུའུ་ཝེན་ཆོན་ལ་ཞིབ་བཤེར།
རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཟུར་པ་ཀྲུའུ་ཝེན་ཆོན་གྱིས་སྤྲུལ་སྐུའི་ངོས་འཛིན་དཔང་ཡིག་བཙོང་སྟེ། རྒྱུ་ནོར་འབོར་ཆེན་ལྐོག་ཟ་བྱས་པའི་ཉེས་མིང་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག
ཟླ་༣ ཚེས་༢༧ ཉིན་རྒྱ་ཡིག་གི་གསར་འགྱུར་བརྒྱུད་ལམ་པའོ་ཞུན་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཟུར་པ་ཀྲུའུ་ཝེན་ཆོན་གྱིས་སྤྲུལ་སྐྲུའི་ངོས་འཛིན་དཔང་ཡིག་བཙོང་སྟེ། དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ལེན་པའི་ཉེས་མིང་འོག་རྒྱ་ནག་དབུས་སྒྲིག་བཤེར་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་བཞིན་པ་དང་། ཁོང་གིས་ཆོག་མཆན་སྤྲོད་པའི་སྤྲུལ་སྐུའི་ཐོབ་ཐང་དཔང་ཡིག་རེ་ལ་རིན་གོང་རྒྱ་སྒོར་ཁྲི་སུམ་སྟོང་ཡིན་འདུག་པ་མ་ཟད། དེའི་ཁྲོད་ལོ་སྔོན་མའི་ནང་སྐབས་ཤིག་ལ་གླེང་གཞི་ཆེན་པོར་གྱུར་པའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཀྲང་ཐའེ་ལི་ཡང་ཚུད་ཡོད་ཅིང་། དེའང་དངུལ་བཀོལ་སྟེ་ཀྲུའུ་ཝེན་ཆོན་གྱི་ལག་ནས་སྤྲུལ་སྐུའི་ངོས་འཛིན་དཔང་ཡིག་ཉོས་པ་ཞིག་ཡིན་འདུག
རྒྱལ་ཁབ་ཆོས་ལུགས་ལས་ཁུངས་ཀྱིས་ཕྱི་ལོ་༢༠༠༧ ལོའི་ཟླ་༩ ཚེས་༡ ཉིན་ནས་བཟུང་<<བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་>> ཟེར་བ་ལག་བསྟར་བྱས་ཏེ། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པར་གཞུང་ལ་སྙན་ཞུ་ཕུལ་ཏེ་ཆོག་མཆན་ཐོབ་དགོས་ཀྱི་ཡོད་ལ། ཆོག་མཆན་གྱི་དབང་ཚད་ཞིང་ཆེན་ཡན་གྱི་སྲིད་གཞུང་གི་ཆོས་ལུགས་སྡེ་ཁག་ལ་ཡོད་པ་དང་། ཤུགས་རྐྱེན་ཆེན་པོ་ཡོད་པའི་སྤྲུལ་སྐུའི་ཡང་སྲིད་ཡིན་ན་རྒྱལ་ཁབ་ཆོས་ལུགས་ལས་ཁུངས་ཀྱིས་བཀའ་འཁྲོལ་ཐོབ་དགོས་པ་མ་ཟད། དམིགས་བསལ་ཤུགས་ཆེན་རྐྱེན་པོ་ཡོད་མཁན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་སྤྲོད་དགོས་ཀྱི་ཡོད། (ཡིན་ནའང་དོན་དངོས་སུ་ཆོས་ལུགས་ལས་དོན་གྱི་ཐག་གཅོད་དབང་ཆ་དེ་རྒྱབ་ཁབ་ཆོས་ལུགས་ལས་ཁང་ལ་ཡོད་པ་ཞིག་མ་ཡིན་པར། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ལག་ཏུ་ཡོད།)
ཀྲུའུ་ཝེན་ཆོན་གྱིས་ཕྱི་ལོ་༡༩༩༨ ལོ་ནས་བཟུང་ལོ་༡༥ རིང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་དང་། དེའི་ཁྱབ་ཁོངས་སུ་ཡོད་པའི་ཆོས་ལུགས་ལས་དོན་གཙོ་འཛིན་གྱི་འགན་ཁུར། ལྷག་པར་དུ་ཕྱི་ལོ་༢༠༠༩ ལོར་ཁོང་གིས་རྒྱ་ནག་དབུས་བོད་ལྗོངས་ལས་དོན་འབྲེལ་མཐུད་ཚོགས་ཆུང་གཞུང་ལས་ཁང་(ཚོགས་གཙོ་དབུས་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་ཡིན) གི་འགན་འཛིན་གྱི་འགན་གཅིག་ལྕོགས་སུ་ཁུར་པའི་རྗེས། དེ་ལས་ཀྱང་བོད་ཀྱི་གནད་དོན་ཐད་དམིགས་བསལ་གྱི་འགོ་ཁྲིད་ཅིག་ཆགས་པ་དང་། བོད་ཀྱི་ལས་དོན་ཐོག་ཤུགས་རྐྱེན་ཆེན་པོ་ཡོད་པའི་དབང་འཛིན་པ་ཞིག་ཏུ་གྱུར། ༢༠༡༣ ལོ་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གྱི་གོ་གནས་ཐོག་གནས་སྤོ་བྱས།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།