ཏུར་ཀིའི་ནང་སྲིད་འཛིན་ལམ་ལུགས་བསྒྱུར་རྒྱུར་མང་མོས་འོས་ཐོབ་པ།

ཏུར་ཀིའི་མི་མང་གིས་རྒྱལ་ཁབ་དེའི་གྲོས་ཚོགས་ལམ་ལུགས་སྒྱུར་བ་བཏང་ནས། སྲིད་འཛིན་ལམ་ལུགས་སུ་འགྲོ་དགོས་མིན་ཐད་མང་མོས་འོས་བསྡུ་བྱས་ནས། སྲིད་འཛིན་ལམ་ལུགས་ལ་རྒྱབ་སྐྱོར་གྱིས་མང་མོས་འོས་ཐོབ་ཡོད་འདུག་ཀྱང་། ཕྱོགས་འགལ་ཚོགས་པས་འོས་བསྡུ་དེ་དྲང་བདེན་བྱུང་མེད་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་འདིའི་ཚེས་༡༦ ཉིན་ཏུར་ཀིའི་མི་མང་ས་ཡ་༤༧.༥ ཡིས། རྒྱལ་ཁབ་དེའི་ད་ཡོད་གྲོས་ཚོགས་ལམ་ལུགས་ལ་བསྒྱུར་བ་བཏང་ནས་སྲིད་འཛིན་ལམ་ལུགས་སུ་བསྐྱོད་དགོས་མིན་ཐད་མང་མོས་འོས་བསྡུ་བྱས་ཡོད་པ་དང་། ད་ལྟའི་ཆར་འོས་ཤོག་བརྒྱ་ཆ་༩༩ གྲངས་བཤེར་བྱས་ཟིན་ཡོད་འདུག སྲིད་འཛིན་ལམ་ལུགས་ལ་རྒྱབ་སྐྱོར་བརྒྱ་ཆ་༥༡.༤ དང་གྲོས་ཚོགས་ལམ་ལུགས་གནས་དགོས་པར་རྒྱབ་སྐྱོར་བརྒྱ་ཆ་༤༨.༧ བྱུང་ཡོད་འདུག་པས། ད་ལྟའི་གཞུང་འཛིན་ཚོགས་པ་དང་སྲིད་འཛིན་སྐུ་ཞབས་ཨེ་ར་གྷོན་གྱིས་འོས་བསྡུའི་གྲུབ་འབྲས་དེར་དགའ་བསུ་བྱས་ཏེ། ཕྱོགས་ཚང་མས་དེར་གུས་བརྩི་དང་ཁས་ལེན་བྱེད་དགོས་སྐོར་བརྗོད་འདུག

རྒྱལ་ཁབ་དེའི་མཐོ་རིམ་འོས་བསྡུ་ལྷན་ཚོགས་ཀྱིས་ཐོག་མར་འོས་ཤོག་ཐོག་ཏུ་ལྷན་ཚོགས་ཀྱི་ཐམ་ཀ་མེད་པ་རྣམས་རྩིས་མེད་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། འོས་བསྡུའི་ཉིན་མོར་འོས་ཤོག་སྟེང་ལྷན་ཚོགས་ཀྱི་ཐམ་ཀ་མེད་ཀྱང་། འོས་ཤོག་དེ་ཕྱི་ནས་འཁྱེར་ཡོང་བ་ཡིན་པ་ར་སྤྲོད་བྱུང་ན་མ་གཏོགས་རྩིས་མེད་གཏང་རྒྱུ་མིན་པ་བརྗོད་འདུག་པས། ཕྱོགས་འགལ་ཚོགས་པ་གཙོ་བོ་མི་མང་སྤྱི་མཐུན་ཚོགས་པས་འོས་བསྡུ་དེ་དྲང་བདེན་བྱུང་མེད་སྐོར་བརྗོད་ནས། འོས་ཤོག་བརྒྱ་ཆ་༣༧ ཙམ་བསྐྱར་རྩིས་བྱེད་པའི་དགོས་འདུན་བཏོན་པ་དང་། དེ་བཞིན་འོས་བསྡུའི་གྲུབ་འབྲས་ལ་ངོ་རྒོལ་བྱེད་མཁན་ཚོས་གྲོང་ཁྱེར་ཨི་སེ་ཏན་བྷུལ་གྱི་སྲང་ལམ་ཐོག་ཏུ་སྣོད་ཆས་བརྡུང་ནས་ངོ་རྒོལ་བྱས་ཡོད་འདུག

འོས་བསྡུའི་བརྒྱུད་རིམ་ལ་བྱུང་བའི་སྐྱོན་བརྗོད་ཚང་མར་བསམ་ཞིབ་བྱས་ཏེ། གཞུང་འབྲེལ་ཐོག་ནས་འོས་བསྡུའི་གྲུབ་འབྲས་དེ་ཉིན་༡༠ ཡི་རྗེས་ཕྱིར་བསྒྲགས་བྱ་རྒྱུ་ཡིན་སྐོར་ཆེས་མཐོའི་འོས་བསྡུ་ལྷན་ཚོགས་ཀྱི་ཚོགས་གཙོས་བརྗོད་འདུག

དེ་སྔོན་གཞུང་འཛིན་ཚོགས་པས་སྲིད་འཛིན་ལམ་ལུགས་ལ་སྒྱུར་སྐབས། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་བཅོས་བསྒྱུར་བྱེད་དགོས་པའི་དོན་ཚན་༡༨ འཁོད་ཡོད་འདུག དེ་ཡང་སྲིད་བློན་གྱི་ལས་གནད་མེད་པ་བཟོས་ཏེ་འཛིན་སྐྱོང་གི་དབང་ཚད་དེ་སྲིད་འཛིན་གྱིས་འཁུར་རྒྱུ། སྲིད་འཛིན་གྱི་ལས་ཡུན་དེ་ལོ་༥ རེ་དང་མང་ཤོས་སྐབས་༢ བྱེད་ཆོག་པ། དེ་བཞིན་དེ་སྔོན་ལྟར་མ་ཡིན་པར་སྲིད་འཛིན་དེ་ཆབ་སྲིད་ཚོགས་པ་ཞིག་གི་ཚོགས་མི་ཡིན་ཆོག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་མི་༡༣ ནས་༥ སྲིད་འཛིན་གྱིས་བསྐོ་གཞག་བྱ་རྒྱུ་དང་ལྷག་མ་རྣམས་གྲོས་ཚོགས་ཀྱིས་འོས་འདེམས་བྱེད་དགོས་པ། སྲིད་འཛིན་གྱིས་བཀའ་ཁྱབ་གཏོང་ཆོག་པ་དང་བློན་ཆེན་སོགས་གནད་ཡོད་མི་སྣ་བསྐོ་གཞག་བྱེད་པའི་དབང་ཚད་ཡོད་པ། སྲིད་འཛིན་གྱིས་རྒྱལ་ཁབ་ཏུ་ཛ་དྲག་གནས་སྟངས་ཀྱི་ཁྲིམས་བཀའ་གཏོང་ཆོག་པ། སྲིད་འཛིན་གྱིས་ཁྲིམས་ཞིབ་ལྷན་ཚོགས་ནང་བར་འདུམ་བྱེད་ཆོག་པ་སོགས་ཀྱི་དོན་ཚན་འཁོད་ཡོད་འདུག

སྲིད་འཛིན་སྐུ་ཞབས་ཨེ་ར་གྷོན་གྱིས་འགྱུར་བཅོས་དེ་ནི་ཨ་རི་དང་ཧྥ་རན་སིའི་སྲིད་འཛིན་ལམ་ལུགས་དང་མཚུངས་ཀྱི་ཡོད་སྐོར་བརྗོད་འདུག་ཀྱང་། དགག་ཕྱོགས་པ་དག་གིས་འགྱུར་བཅོས་དེས་སྲིད་འཛིན་ལ་དབང་ཚད་ཆེན་པོ་ཐོབ་ནས། མི་གཅིག་དབང་སྒྱུར་འགྱུར་ཉེན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

དེ་བཞིན་གྲོས་འཆར་དེའི་ནང་སྲིད་འཛིན་གྱི་འོས་བསྡུ་དེ་ཕྱི་ལོ་༢༠༡༩ ལོའི་ཟླ་༡༡ པའི་ཚེས་༣ ཉིན་བྱེད་དགོས་སྐོར་འཁོད་ཡོད་པ་དང་། སྐབས་དེར་ད་ཡོད་ཀྱི་སྲིད་འཛིན་ལ་འོས་ཐོབ་རྒྱུའི་ངེས་པ་ཆེན་པོ་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||