དྲ་ཐོག་གི་ཐུབ་ཚོད་ལ་བརྟེན་ནས་བུད་མེད་ལོ་ཆུང་ཞིག་རང་ཤི།

ཨོ་སི་ཀྲོ་ལི་ཡའི་ནང་བུད་མེད་ལོ་ན་༡༤ ལས་མ་སོན་པ་ཞིག དྲ་ཐོག་ཐུབ་ཚོད་ལ་བཟོད་སྲན་མ་ཐུབ་པར་རང་སྲོག་བཅད་པའི་གནས་ཚུལ་ཐོན་པས། བུ་མོ་དེའི་ཕ་མ་གཉིས་ཀྱིས་དྲ་ཐོག་ཐུབ་ཚོད་ཀྱི་གོ་རྟོགས་ཁྱབ་ཆེན་པོ་སྤེལ་བའི་ལས་འགུལ་འགོ་འཛུགས་བྱས་འདུག

ཟླ་༡ པོའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡའི་ནང་དངོས་སུ་གདོང་ཐུག་གི་ཐུབ་ཚོད་གཏོང་བའི་གནས་ཚུལ་ཉུང་དུ་ཕྱིན་ཡོད་ཀྱང་། དྲ་ཐོག་ནས་ཐུབ་ཚོད་དང་དམའ་འབེབས་བྱེད་པའི་གནད་དོན་ཧ་ཅང་གི་མང་དུ་ཕྱིན་ཡོད་པས། ཉེ་བའི་ཆར་བུད་མེད་ཕྲུ་གུ་རང་ལོ་༡༤ ལས་མ་སོན་པ་ཞིག་དྲ་ཐོག་གི་ཐུབ་ཚོད་ལ་བཟོད་སྲན་མ་ཐུབ་པར་རང་སྲོག་བཅད་པའི་གནས་ཚུལ་ཐོན་ནས། མི་མང་པོ་ཞིག་ཧོན་འཐོར་བ་དང་སེམས་འཚབ་སྐྱེས་དགོས་པ་བཟོས་ཡོད་འདུག

ཕྲུ་གུ་དེའི་ཕ་མ་གཉིས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་མེད་པ་ཆགས་ཟིན་ཡང་། ཕ་མ་གཞན་གྱི་ཕྲུ་གུ་རྣམས་ཀྱང་དྲ་ཐོག་ཐུབ་ཚོད་ཀྱི་གནོད་འཚེ་ཕོག་ཡུལ་དུ་མི་ཆགས་པའི་ཆེད། སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཏུ། དྲ་ཐོག་ཐུབ་ཚོད་ཀྱི་གོ་རྟོགས་སྤེལ་བའི་ལས་འགུལ་འགོ་འཛུགས་བྱས་ཡོད་འདུག གནས་ཚུལ་དེ་ཕྱིར་ཐོན་རྗེས་མི་མང་པོ་ཞིག་གིས་རྒྱབ་སྐྱོར་དང་རང་ཉིད་དྲ་ཐོག་དང་གདོང་ཐུག་གི་ཐུབ་ཚོད་མྱངས་བའི་ཉམས་མྱོང་སྐོར་གྱི་བསྒྲགས་ཡིག་དྲ་ཐོག་ཏུ་སྤེལ་ཡོད་པ་རེད་འདུག

ཨོ་སི་ཀྲོ་ལི་ཡའི་ཐུབ་ཚོད་འགོག་རྒོལ་ཁང་གི་ལས་བྱེད་ཅིག་གི་བརྗོད་དོན་ལྟར་ན། ལོ་མང་ནས་གདོང་ཐུག་ཐུབ་ཚོད་ཀྱི་བརྒྱ་ཆ་ཉུང་དུ་ཕྱིན་ཡོད་ཀྱང་། དྲ་ཐོག་ཐུབ་ཚོད་ཀྱི་བརྒྱ་ཆ་ཧ་ཅང་མང་དུ་ཕྱིན་ཡོད་པ་དང་། ཐུབ་ཚོད་དེ་རིགས་ནི་དུས་རྟག་ཏུ་མྱངས་དགོས་པ་ཞིག་ཡིན་པ་ལས་སྐབས་རེ་མིན་པ། དེ་བཞིན་ཐུབ་ཚོད་གཏོང་མཁན་མང་པོ་ཞིག་ནི་ངོས་འཛིན་གསལ་པོ་མེད་མཁན་ཡིན་པས། ཕྲུ་གུ་མང་པོ་ཞིག་ཀྱང་ཐུབ་ཚོད་གཏོང་མཁན་ཆགས་རྒྱུའི་ལམ་ཁ་ཡོད་པ་ཡིན་སྐོར་བརྗོད་འདུག

ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ནང་དྲ་ཐོག་སོགས་ཀྱི་ཐུབ་ཚོད་ཀྱི་གནོད་འཚེ་ཕོག་ཡུལ་རྣམས་ལ་སེམས་གསོ་དང་རོགས་རམ་བྱེད་པའི་ཆ་རྐྱེན་ཡོད་ཀྱང་། ལོ་གཞོན་པ་མང་པོ་ཞིག་གིས་བཟོད་སྲན་བྱེད་ཐབས་བྲལ་བ་མ་ཆགས་བར། ཆ་རྐྱེན་དེ་རིགས་བེད་སྤྱད་ཀྱི་མེད་འདུག

སྤྱིར་བཏང་ཨོ་སི་ཀྲོ་ལི་ཡའི་ནང་རང་སྲོག་བཅད་མཁན་གྱི་ཁ་གྲངས་ཉུང་དུ་འགྲོ་བཞིན་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་རང་ལོ་༡༥ ནས་༢༤ བར་གྱི་ན་གཞོན་རང་སྲོག་བཅད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད་འདུག

ཕྱི་ལོ་༢༠༡༡ ལོར་ཨ་རིའི་དྲ་རྒྱ་ཉམས་ཞིབ་ཁང་ཞིག་གིས་བཏོན་པའི་སྙན་ཐོའི་ནང་། གཞོན་སྐྱེས་༡༠ ནས་༩ ལ་དྲ་ཐོག་གི་ཐུབ་ཚོད་མྱངས་ཡོད་པ་དང་། དེ་དག་ལས་བརྒྱ་ཆ་༥༤ ངོ་དེབ་ཐོག་ནས་ཐུབ་ཚོད་མྱངས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||