བོད་དོན་བདེན་མཐའ་སེལ་བའི་ཐབས་ཇུས་འཚེ་མེད་ཞི་བ་ལས་གཞན་མེད་སྐོར་གསུངས་སོང་།

བོད་དོན་བདེན་མཐའ་སེལ་བའི་ཆེད་དུ་ཆབ་སྲིད་ཀྱི་སྲིད་ཇུས་ཀྱི་ཆ་ནས་གཉིས་སྨན་དབུ་མའི་ལམ་དང་། སྲིད་ཇུས་དེ་ལག་ལེན་དུ་བསྟར་བའི་ཐབས་ལམ་གྱི་ཆ་ནས་འཚེ་མེད་ཞི་བའི་ཐབས་ལམ་ཆགས་ཡོད་པ་དང་། བོད་དོན་བདེན་མཐའ་སེལ་བའི་ཐབས་ཇུས་འཚེ་མེད་ཞི་བ་ལས་གཞན་མེད་སྐོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༣ དང་སྐར་མ་༣༠ ཐོག་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་དབུ་བརྙེས་ནས་ལོ་༡༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དང་། དམིགས་བསལ་སྐུ་མགྲོན་དུ་བསྟི་གནས་ཁང་གི་སྤྱི་ཁྱབ་ཟབ་ཁྲིད་པ་དང་རྒྱབ་སྐྱོར་བ་རོ་བྷ་ཡེ་ཨེ་ཝོར་རེཀ་ཊི་གྷེན་ཌི་ལེར་(Rabbi Everett Gendler)དང་། ཌོག་ཊར་མེ་རིས་གྷེན་ཌི་ལེར་(Dr. Mary Gendler) གཉིས་དང་།ཤེས་རིག་དྲུང་འཕར་ཚེ་རིང་བསམ་འགྲུབ་བཅས་ཀྱིས་དབུས། བསྟི་གནས་ཁང་གི་ལས་ཟུར་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་ཁག་ཅིག་བཅས་འཛོམས་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་ཡོངས་གྲགས་སུ་བོད་མི་རིགས་སྤྱི་ཡོངས་དེ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་གྱུར་པའི་ཆོས་ལྡན་གྱི་སྐྱེ་འགྲོ་དང་། བོད་མི་མང་ཆེ་བ་སངས་རྒྱས་ཀྱི་རྗེས་འཇུག་ཆགས་ཡོད་པ་དང་། སྟོན་པ་སངས་རྒྱས་ཀྱིས་གསུང་པའི་ཆོས་ཀྱི་སྙིང་པོ་གཙོ་བོ་དེ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ཡིན་པ། རྟེན་འབྱུང་གི་ལྟ་བའི་ཤེས་རབ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པ་ཙམ་མ་ཟད། སེམས་ཅན་རྣམས་རང་ལས་ལྷག་པ་ཡིན་པ་གསུང་པ་བཞིན། ཆོས་དང་སྤྱི་ཚོགས་ཀྱི་གནས་ཚུལ་ག་འདྲའི་ཐོག་ལ་ཡིན་ན་ཡང་། འཚེ་མེད་ཞི་བའི་ལམ་ཁོ་ནའི་ཐོག་ནས་འགྲོ་རྒྱུ་དེ་ནང་པ་སྤྱི་ཡོངས་ཀྱི་ལྟ་གྲུབ་ཡིན་པ་གསུངས་སོང་།

དེ་བཞིན་ཁོང་གིས་མུ་མཐུད་དུ་“ད་ལྟའི་གནས་སྐབས་ལ་མཚོན་ན། བོད་མི་རིགས་ཆབ་སྲིད་རིག་གཞུང་དང་བཅས་པ་ཆགས་འཇིག་གི་གནས་སུ་གྱར་བའི་སྐབས་འདིར།  བོད་ཀྱི་མདུན་ལམ་འཇིག་རྟེན་ཁམས་ནས་མ་བརླག་པ་བྱས་ནས་གནས་ཐུབ་པ་དེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་འོག འཚེ་མེད་ཞི་བའི་ལམ་ཉག་གཅིག་ལག་ལེན་བསྟར་བ་དེའི་དབང་གིས་ད་ལྟ་བོད་པའི་གནས་སྟངས་དེ་འཇིག་རྟེན་ཁྱོན་ཡོངས་ནས་ཚང་མས་དོ་སྣང་བྱེད་དགོས་པའི་གནས་ཚུལ་ཆགས་ཀྱི་ཡོད་རེད། མ་འོངས་པར་བོད་དོན་བདེན་མཐའ་སེལ་བར་རེ་བ་རྒྱག་དགོས་ན། དེ་སེལ་བའི་ཐབས་ཇུས་དེ་འཚེ་མེད་ཞི་བའི་ལམ་ལས་གཞན་མེད་པ་དེ་གསལ་པོ་ཞེ་དྲག་རེད། ང་ཚོའི་ད་ལྟའི་གནས་བབ་ལ་གཞིགས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་བདེན་མཐའ་སེལ་བའི་ཆེད་དུ་ཆབ་སྲིད་ཀྱི་སྲིད་ཇུས་ཀྱི་ཆ་ནས་གཉིས་ཕན་དབུ་མའི་ལམ་དང་། སྲིད་ཇུས་དེ་ལག་ལེན་དུ་བསྟར་བའི་ཐབས་ལམ་གྱི་ཆ་ནས་འཚེ་མེད་ཞི་བའི་ཐབས་ལམ་གནང་བ་དེ་རེད། མ་འོངས་པར་སྲུང་སྐྱོབ་བྱེད་རྒྱུའི་ནུས་པ་ཞིག་དགོས་ཀྱི་ཡོད་ན་དེ་ལས་ལྷག་མེད་པ་ཞིག་རེད། ཕྱོགས་གཅིག་ནས་བོད་མི་དེ་ཚོ་ནང་པའི་ལྟ་གྲུབ་ཀྱི་རྗེས་སུ་འཇུག་པ་ཤ་སྟག་ཡིན་དུས་འཚེ་མེད་ཞི་བའི་ཐབས་ལམ་ལ་མང་ཆེ་བ་ཡིད་ཆེས་ཡོད་པ་རེད་དེ། ཡིན་ན་ཡང་། ཐབས་ལམ་དེའི་ལྟ་གྲུབ་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་ག་འདྲ་ཞིག་ཡིན་པ་དང་། ད་བར་དུ་ལག་ལེན་བསྟར་བའི་སྐབས་ལ་ཡུལ་དུས་གནས་སྐབས་དང་བསྟུན་ནས་ག་འདྲ་ལག་ལེན་བསྟར་དགོས་ཀྱི་ཡོད་པ་དེ་སློབ་སྦྱོང་བྱས་ནས་མ་གཏོགས་རང་བྱུང་གིས་ཤེས་པ་ཞིག་མ་རེད། དེར་བརྟེན་དེ་འདྲའི་སློབ་སྦྱོང་གི་བསྟི་གནས་ཤིག་དགོས་རྒྱུ་དེ་དམིགས་བསལ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་”ཅེས་དང་།

འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གསར་འཛུགས་གནང་ནས་ལོ་ངོ་༡༠ ཡི་རིང་རླབས་ཆེན་གྱི་ཕྱག་ལས་གནང་ཐུབ་ཡོད་པ་ལ་ལེགས་གསོའི་བསྔགས་བརྗོད་དང་སྦྲགས་མ་འོངས་པར་མུ་མཐུད་དགོས་སྐོར་ལ་ཁོང་གིས་“མངོན་གསལ་དོད་པོས་སྐད་གྲགས་དང་ཁྲ་ཁྲ་ཟིང་ཟིང་མེད་པ་ཡིན་ན་ཡང་། དོན་ངོ་མའི་ཐོག་ལ་བོད་ཀྱི་རྩ་དོན་ལ་ཕན་རླབས་ཀྱི་གནས་བབ་ནས་གཞིགས་པ་ཡིན་ན། རླབས་ཆེན་གྱི་གྲུབ་འབྲས་ཡོད་པ་ཞིག་དང་། ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་རེད། མ་འོངས་པར་མུ་མཐུད་ཕྱག་ལས་རྒྱུན་སྐྱོང་གནང་རྒྱུ་དང་། དེ་ལ་བརྟེན་ནས་འགྲོ་བ་མིའི་རིགས་སྤྱི་ཡོང་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུའི་རེ་བ་ཞུ་ཡི་ཡོད་”ཅེས་གསུངས་སོང་།

གཞན་ཡང་མཛད་སྒོའི་ཐོག་བསྟི་གནས་ཁང་དང་ཤེས་རིག་ལས་ཁུངས་གཉིས་མཉམ་འབྲེལ་གྱིས་སྤར་སྐྲུན་བྱས་པའི་བྱིས་སྒྲུང་དཔེ་དེབ་གཉིས་དང་། བསྟི་གནས་ཁང་དབུ་བརྙེས་ནས་ལོ་༡༠ འཁོར་བའི་དུས་དེབ། དྲ་ལྗོངས་བཅས་དབུ་འབྱེད་དང་། གཟེངས་རྟགས་ཁག་གཅིག་འབུལ་བཞེས་གནང་ཡོད་པ་མ་ཟད། སྐུ་ཞབས་རོ་བྷ་ཡེ་ཨེ་ཝོར་རེཀ་ཊི་གྷེན་ཌི་ལེར་དང་ཁོང་གི་སྐུ་ཟླ་ཌོག་ཊར་མེ་རིས་གྷེན་ཌི་ལེར་གཉིས་ཀྱིས་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་དང་འབྲེལ་བའི་རང་རང་གི་མཐོང་ཐོས་དང་མྱོང་ཚོར་གྱི་སྐོར་ལ་གཏམ་བཤད་རེ་གནང་སོང་།

འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་འགན་འཛིན་ལས་ཚབ་བསྟན་འཛིན་ལྷ་མོས་བསྟི་གནས་ཁང་ངོ་སྤྲོད་དང་ལོ་༡༠ ཡི་ལས་བསྡོམས་སྙན་སྒྲོན་བྱས་པ་ལྟར་ན། ཕྱི་ལོ་༡༩༩༥ ལོར་སྐུ་ཞབས་རོ་བྷ་ཡེ་ཨེ་ཝོར་རེཀ་ཊི་གྷེན་ཌི་ལེར་དང་ཁོང་གི་སྐུ་ཟླ་ཌོག་ཊར་མེ་རིས་གྷེན་ཌི་ལེར་གཉིས་བོད་ནང་ཡུལ་སྐོར་དུ་བསྐྱོད་ནས། ཐོག་མར་བོད་དང་བོད་མིའི་གནས་བབ་ལ་རྒྱུས་མངའ་བྱུང་རྗེས། ༡༩༩༦ ལོར་རྒྱ་གར་ནང་ཡོང་ནས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་ཀྱི་གནས་ཚུལ་མཐོང་ཐོས་བྱུང་བ་རྣམས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐབས་ཇུས་དང་ལག་ལེན་སྐོར་ངོ་སྤྲོད་དང་ཟབ་སྦྱོང་སྤྲོད་རྒྱུའི་བསམ་འཆར་ཞུས་པར། ༧གོང་ས་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་ལྟར། ༡༩༩༦ ནས་༢༠༠༧ བར་རྒྱ་གར་ནང་ཐེངས་མང་པོ་ཕེབས་ནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་འཚེ་མེད་ཞི་བའི་ལྟ་གྲུབ་ལག་ལེན་ངོ་སྤྲོད་དང་ཟབ་སྦྱོང་ཐེངས་མང་སྤྲད་ཡོད་པ་མ་ཟད། ཕྱི་ལོ་༢༠༠༧ ལོའི་ཕྱི་ཟླ་༩ པའི་ཕྱི་ཚེས་༡༠ ཉིན་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གསར་འཛུགས་གནང་སྟེ། ད་བར་བཙན་བྱོལ་སྤྱི་ཚོགས་ནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་། སློབ་གྲྭ་དང་དགོན་སྡེ་ཁག གཞིས་ཆགས་ཁག་བཅས་སུ་བསྟི་གནས་ཁང་གིས་འཚེ་མེད་ཞི་བའི་ལྟ་གྲུབ་དང་ལག་ལེན་བཅས་ཀྱི་ཐོག་ཟབ་སྦྱོང་སོགས་ཀྱི་ལས་རིམ་འདྲ་མིན་སྣ་ཚོགས་སྤེལ་དང་སྤེལ་མུས་ཡིན་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||