བོད་མི་གསུམ་གྱིས་རྒྱ་ནག་གི་ལུས་རྩལ་འགྲན་ཚོགས་ནང་རྟགས་མ་བླངས་འདུག

རྒྱ་ནག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་༡༣ པའི་ཐོག བོད་མི་གསུམ་གྱིས་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱིས་རྟགས་མ་བླངས་ཡོད་པ་རེད་འདུག

བོད་ནང་གི་མི་དམངས་དྲ་བའི་ཐོག་གནས་ཚུལ་བཀོད་གསལ། ཟླ་༩ པའི་ཚེས་༣ ཉིན་རྒྱ་ནག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་༡༣ པའི་ཐོག བུད་མེད་ཀྱི་སྤྱི་ལེ་༢༠ ཡི་འདུར་རྒྱུག་འགྲན་བསྡུར་ཁྲོད། གྲགས་ཅན་བོད་ཀྱི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས་མཇུག་འབྲས་ཆུ་ཚོད་༡ དང་སྐར་མ་༢༨། སྐར་ཆ་༣༣ གྱི་ཐོག་ནས་འགྲན་བསྡུར་དེའི་ཁྲོད་ཨང་རིམ་གཉིས་པ་དངུལ་གྱི་རྟགས་མ་བླངས་ཡོད་འདུག

དེ་བཞིན་ཟླ་༩ པའི་ཚེས་༥ ཉིན་སྐྱེས་པའི་སྨི་ལེ་༡༠༠༠༠ ཡི་རྒྱང་རྒྱུག་འགྲན་བསྡུར་ཁྲོད། བོད་མི་ལུས་རྩལ་བ་སྟོབས་རྒྱལ་གྱིས་མཇུག་འབྲས་སྐར་མ་༢༨ དང་སྐར་ཆ་༢༦། སྐར་ཆུང་༨༦ ཐོག་ནས་ཨང་དང་པོ་གསེར་གྱི་རྟགས་མ་བླངས་ཡོད་པ་དང་། བོད་མི་ལུས་རྩལ་བ་མི་འགྱུར་ཉི་མས་སྐར་མ་༢༩ དང་སྐར་ཆ་༥༡། སྐར་ཆུང་༥༧ གྱི་ཐོག་ནས་ཨང་གསུམ་པ་ཟངས་ཀྱི་རྟགས་མ་བླངས་ཡོད་པ་རེད་འདུག

ཆོས་དབྱིངས་སྐྱིད་ནི་ཕྱི་ལོ་༢༠༡༢ ལོའི་ལོན་ཊོན་དུ་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་སྐབས། བར་ཐག་སྤྱི་ལེ་༢༠ འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་གསུམ་པའི་ཟངས་ཀྱི་རྟགས་མ་ཐོབ་པ་ཡོད་པ་དང་།  མོ་ནི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ནང་བོད་པ་རྟགས་མ་ལེན་མཁན་ཐོག་མ་དེ་ཆགས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||