མིས་བཟོས་པའི་དཀའ་ངལ་མི་རང་གིས་སེལ་ཐབས་སུ་བརྩོན་དགོས།

མིས་བཟོས་པའི་དཀའ་རྙོག་སེལ་ཐབས་སུ་ལྷ་ལ་གསོལ་བ་བཏབ་པ་ནི་ལྡོག་ཕྱོགས་ཀྱི་བྱེད་ལས་ཤིག་ཆགས་ཀྱི་ཡོད་པ་དང་། མིས་བཟོས་པའི་དཀའ་ངལ་མི་རང་གིས་སེལ་ཐབས་སུ་བརྩོན་དགོས་སྐོར་༧གོང་ས་མཆོག་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༢ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ དང་སྐར་མ་༤༠ ཡས་མས་ཐོག ༧གོང་ས་མཆོག་གིས་དྷ་ས་ཀ་ཇ་ར་ལ་ཡོད་པའི་རྒྱ་གར་ཧི་མ་ཅལ་གཞུང་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ། གྷན་དྷི་བསྟི་གནས་ཁང་དང་གཙུག་ལག་སློབ་གཉེར་ཁང་དེ་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་བྱས་པའི་སྟོན་པ་བཅོམ་ལྡན་འདས་དང་གྷན་དྷིའི་ལྟ་གྲུབ་སྐོར་གྱི་བགྲོ་གླེང་ཚོགས་འདུ། སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གྷན་དྷིའི་ལམ་གྱི་རྗེས་སུ་འཇུག་པ་ཞེས་པ་ཞིག་དབུ་འབྱེད་གནང་སོང་ཞིང་། སྐབས་དེར་ ༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་གཉིས་ལ་ཧི་མཱ་ཅལ་མངའ་སྡེའི་ཐུན་མིན་དབུ་ཞྭ་དང་རས་གཟན།  དེ་བཞིན་གྷན་དྷིའི་འཁོར་ལོ་བཅས་ཕུལ་སོང་།

བགྲོ་གླེང་ཚོགས་འདུ་འདི་ནི་ཟླ་འདིའི་ཕྱི་ཚེས་༢ ནས་༤ བར་ཉིན་གསུམ་རིང་འཚོགས་བཞིན་ཡོད་ཅིང་། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་སྟོན་པ་བཅོམ་ལྡན་འདས་དང་གྷན་དྷིའི་ལྟ་གྲུབ་ཀྱི་ཐོག་ནས་འཛམ་གླིང་ནང་དུ་འབྱུང་བཞིན་པའི་འཚེ་བའི་བྱ་སྤྱོད་རྣམས་ཞི་ཐབས་དང་འཛམ་གླིང་ཞི་བདེ་ག་འདྲ་འབྱུང་ཐུབ་མིན་སྐོར་ཡིན་པ་དང་། དེ་བཞིན་བདག་ཉིད་ཆེན་པོ་གྷན་དྷི་ཡི་ལྟ་གྲུབ་ལ་སྟོན་པ་སངས་རྒྱས་ཀྱི་དགོངས་པས་ཤུགས་རྐྱེན་ག་འདྲ་ཐེབས་ཡོད་མེད་དང་། དེའི་སྐོར་གྱི་ཉམས་ཞིབ་གྲུབ་དོན་ཁག་ཅིག་ཐོག་བགྲོ་གླེང་བྱ་རྒྱུ་དང་།་གཞན་ཡང་བགྲོ་གླེང་ཚོགས་ཆེན་ཐོག་མཉམ་ཞུགས་བྱེད་མཁན་ཉམས་ཞིབ་པ་རྣམས་ཀྱིས་སྟོན་པ་སངས་རྒྱས་དང་གྷན་དྷིའི་ལྟ་གྲུབ་ཀྱི་ཐོག་ནས་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཀྱི་སྐོར་ལ་སོ་སོའི་ཉམས་ཞིབ་ཀྱི་གྲུབ་དོན་སྐོར་བརྗོད་རྒྱུ་ཡིན་འདུག བགྲོ་གླེང་ཚོགས་ཆེན་འདིའི་ཐོག་རྒྱ་གར་གྱི་ཡུལ་གྲུ་འདྲ་མིན་ནས་ཚོགས་ཞུགས་མི་སྣ་༣༠༠ ལྷག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་ནས་ཚོགས་ཞུགས་པ་མི་ཉུང་བ་ཞིག་ཀྱང་འདུག

ཐོག་མར་གྷན་དྷི་བསྟི་གནས་ཁང་( Gandhi Smiriti and Darshan Samiti) གི་ལས་འཆར་འགན་འཛིན་ཝེ་དྷ་བྷ་ཡ་སི་ཀུན་ཌུས་ཕེབས་བསུའི་གཏམ་བཤད་དང་། དེ་རྗེས་རྒྱ་གར་ཧི་མ་ཅལ་གཞུང་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཀུལ་ཌིབ་ཅན་ཌི་ཨེག་གྷི་ནི་ཧོ་ཏི་རིས་གཏམ་བཤད་གནང་གྲུབ་རྗེས། གྷན་དྷི་བསྟི་གནས་ཁང་གི་འཛིན་སྐྱོང་མི་སྣ་ཤྲི་ལེཀ་སི་མི་ཌ་སིས། སྟོན་པ་སངས་རྒྱས་ཀྱི་ལམ་སྟོན་དང་། གྷན་དྷི་ཡི་སྐུལ་འདེགས། ༧གོང་ས་མཆོག་གི་ལམ་སྟོན་དང་སྐུལ་འདེགས་གཉིས་ཀ་དངོས་སུ་ཐོབ་སྟབས་དེ་རིང་གི་ཉིན་མོ་ནི་དམིགས་བསལ་གྱི་དུས་བཟང་ཞིག་ཡིན་སྐོར་དང་། མི་རྣམས་ཀྱིས་འགྲོ་བ་མིའི་རིགས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་གོ་མཚོན་བཟོ་སྐྲུན་དང་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང་། དོན་དུ་དེས་འགྲོ་བ་མིའི་རིགས་རྣམས་ཉེན་ཚབས་ཇེ་ཆེར་གཏོང་གི་ཡོད་པ་དང་། དོན་དུ་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་མི་མང་རྣམས་ཀྱི་བར་ལ་བརྩེ་བ་ཡོད་ཀྱང་། ཕན་ཚུན་བར་དཀའ་རྙོག་འབྱུང་རྐྱེན་ནི་རྒྱལ་ཁབ་སོ་སོའི་གཞུང་འཛིན་མི་སྣ་རྣམས་ལས་འབྱུང་གི་ཡོད་སྐོར་སོགས་ཀྱི་གཏམ་བཤད་བྱས་སོང་།

དེ་རྗེས་སློབ་དཔོན་ཟམ་གདོང་རིན་པོ་ཆེས་༧གོང་ས་མཆོག་གི་ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་དགོངས་བཞེད་ཀྱིས་མཚོན་པའི་དགོངས་པ་སྤྱི་དང་། བྱེ་བྲག་འགན་ཁུར་གསུམ་འགྲེལ་བརྗོད་གནང་སོང་བ་ཟད། གཞན་ཡང་ཁོང་གིས་༧གོང་ས་མཆོག་ནས་འཚེ་མེད་ཞི་བ་རྣལ་མ་ཞིག་ཡོང་བར་ཐོག་མར་ལུས་ཅན་སོ་སོའི་ནང་གི་སེམས་རྒྱུད་ཞི་ཞིང་དུལ་བ་ཞིག་དགོས་པའི་ལམ་སྟོན་གནང་གི་ཡོད་པ་དང་། དེ་ནི་སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གྷན་དྷི་དགོངས་པ་ཡིན་སྐོར། ༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་འོག་གཞིས་བྱེས་བོད་མི་རྣམས་ཀྱིས་ད་ཆ་གནས་སྟངས་ཇི་འདྲ་ཞིག་བྱུང་ཡང་འཚེ་མེད་ཞི་བའི་ལམ་ལ་འཇུག་བཞིན་ཡོད་སྐོར་སོགས་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས་འགྲོ་བ་མིའི་རིགས་ཚང་མ་གཅིག་མཚུངས་ཡིན་པ་དང་། ཆོས་ལུགས་དང་མི་རིགས། རྒྱལ་ཁབ་བཅས་མི་འདྲ་བ་ནི་རིམ་པ་གཉིས་པ་དེ་ཡིན་ཞིང་། མི་ཚང་མ་གཞི་རྩའི་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་སྟབས་དེ་འདྲའི་བསམ་བློ་དེ་གོང་འཕེལ་གཏོང་ཐབས་སུ་ཁོང་གིས་འབད་བརྩོན་བྱེད་ཀྱི་ཡོད་སྐོར།  ད་ལྟའི་འཛམ་གླིང་ནང་མིས་བཟོས་པའི་དཀའ་རྙོག་རྣམས་རིམ་པ་གཉིས་པ་དེའི་ཐོག་ནས་འབྱུང་གི་ཡོད་སྟབས། དཀའ་ངལ་དེ་ཉུང་འཕྲི་བྱེད་ཐབས་ཐད་མི་རེ་ངོ་རེ་ནས་བསམ་བློ་གཏོང་རྒྱུ་དེ་ཚང་མའི་འོས་འགན་ཡིན་སྐོར་དང་། འཛམ་གླིང་ནང་གོ་ལའི་ཚ་དྲོད་འཕར་བ་དང་། མི་མང་འཕེལ་རྒྱས་འགྲོ་བ། དེ་བཞིན་རང་བྱུང་ཐོན་ཁུངས་ཉུང་དུ་འགྲོ་བ་སོགས་ཀྱི་དཀའ་ངལ་འབྱུང་གི་ཡོད་ཀྱང་། དཀའ་ངལ་དེ་མིས་བཟོས་པ་ཞིག་ལས་ལྷས་བཟོས་པ་ཞིག་མིན་སྟབས།  མིས་བཟོས་པའི་དཀའ་རྙོག་སེལ་ཐབས་སུ་ལྷ་ལ་གསོལ་བ་བཏབ་པ་ནི་ལྡོག་ཕྱོགས་ཀྱི་བྱེད་ལས་ཤིག་ཆགས་ཀྱི་ཡོད་པ་དང་། མིས་བཟོས་པའི་དཀའ་ངལ་མི་རང་གིས་སེལ་ཐབས་སུ་བརྩོན་དགོས་སྐོར། དེ་བཞིན་དེང་རབས་རིག་གནས་ལས་ཕྱིའི་ངལ་དུབ་སེལ་ཐབས་དང་གནའ་བོའི་རྒྱ་གར་གྱི་རིག་གནས་ལས་ནང་སེམས་ཀྱི་ངལ་དུབ་སེལ་ཐབས་ཀྱིས་ཕྱི་ནང་གཉིས་ཀ་ཞི་བདེ་བག་ཕེབས་ཡོང་ཐབས་བྱེད་རྒྱུ་གལ་ཆེ་སྐོར་དང་། གནའ་བོའི་རྒྱ་གར་གྱི་རིག་གནས་ལས་སྟོན་པ་སངས་རྒྱས་དང་གྷན་དྷི་ལྟ་བུ་བྱུང་ཡོད་ཅིང་། རང་ཅག་རྣམས་ཁོང་རྣམ་པ་ནང་བཞིན་ཆགས་པར་མོས་ཚེ་ངེས་པར་དུ་གནའ་བོའི་རྒྱ་གར་གྱི་རིག་གནས་ལ་སློབ་སྦྱོང་བྱེད་དགོས་སྐོར་སོགས་གསུངས་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||