རྒྱ་ནག་ནང་གྲགས་ཅན་སྙན་ངག་པ་ཞིག་འཛིན་བཟུང་བྱས་ཡོད་འདུག

གྲགས་ཅན་སྙན་ངག་པ་ལང་རྫིའམ། ཝུ་མི་ལཱང་རྒྱ་ནག་ལྷོ་ཕྱོགས་གྷང་ཏོང་ (Guangdong)ཞིང་ཆེན་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག་ཅིང་། དེ་ནི་ལིའུ་ཞའོ་པོ་རྗེས་དྲན་སྙན་རྩོམ་ཕྱོགས་བསྡུས་ཐད་རོགས་སྐྱོར་བྱས་སྟབས་ཡིན་འདུག

ཟླ་འདིའི་ཕྱི་ཚེས་༧ ཉིན་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་སྙན་ངག་པ་གྲགས་ཅན་སྨྱུག་མིང་ལ་ལཱང་རྫི་དང་། དངོས་མིང་ལ་ཝུ་མིང་ལཱང་ཞེས་པས་འདི་ལོའི་ཕྱི་ཟླ་༦ པའི་ནང་འདས་གྲོངས་སུ་སོང་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་རྒྱ་ནག་གི་རྩོམ་པ་པོ་དང་མང་གཙོ་འཐབ་རྩོད་པ་ལིའུ་ཞའོ་པོ་རྗེས་དྲན་གྱི་སྙན་རྩོམ་ཕྱོགས་བསྡུས་དཔེ་དེབ་འདོན་རྒྱུར་རོགས་སྐྱོར་བྱས་རྗེས། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་འཛུག་འོག ཕྱི་ཟླ་༨ པའི་ཕྱི་ཚེས་༡༨ ཉིན་རྒྱ་གཞུང་གི་ཉེན་རྟོག་མི་སྣས་རྒྱ་ནག་ལྷོ་ཕྱོགས་ཀྱི་ཞིང་ཆེན་གྷང་ཏོང་ནང་ཡོད་པའི་རང་ཁྱིམ་ནས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

དེ་སྔོན་ཕྱི་ཟླ་༧ པའི་ནང་རྒྱ་ནག་ཞིང་ཆེན་གྷང་ཏོང་ནས་ལིའུ་ཞའོ་པོ་རྗེས་དྲན་ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་ཉུང་མཐར་མི་༩ འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ཀྱང་། དེའི་ཁྲོད་ནས་མི་༦ ཟླ་གཅིག་གི་རྗེས་སུ་གློད་གྲོལ་བཏང་ཡོད་འདུག

གྲགས་ཅན་སྙན་ངག་པ་ལཱང་རྫིའི་ཁྲིམས་རྩོད་པ་དང་གྲོགས་པོ་ཚོས་ཁོང་འཛིན་བཟུང་བཀག་ཉར་བྱེད་དོན་ནི། ཉེ་ཆར་འདས་གྲོངས་སོང་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལིའུ་ཞའོ་པོ་རྗེས་དྲན་སྙན་རྩོམ་ཕྱོགས་བསྡུས་ཐོག ཁོང་གིས་རྩོམ་འབྲི་བ་དང་། རྩོམ་སྒྲིག་བྱེད་པ། ཕྱོགས་བསྡུས་བྱེད་པ་བཅས་ཀྱི་ལས་ཀའི་ཆ་ཤས་བླངས་ཡོད་སྟབས་ཡིན་པར་བསམ་བཞིན་ཡོད་འདུག

སྙན་ངག་པ་ལཱང་རྫིས་ཁོང་གི་ཁྲིམས་རྩོད་པར་ཕྱི་ཟླ་༨ པའི་ཕྱི་ཚེས་༢༣ ཉིན་དེ་སྔོན་རྒྱ་གཞུང་གི་ཆོག་མཆན་མེད་པའི་ཐོག་ནས་སྙན་ངག་པ་ཁོ་རང་གི་ལས་ཀའི་རྣམ་གྲངས་བསྟན་པའི་དེབ་ཅིག་སྤར་སྐྲུན་བྱས་ཡོད་པ་དེའི་སྐོར་ལ་ལས་བྱེད་ཚོས་ཡང་ཡང་དུ་དྲི་བ་འགོད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག་པ་མ་ཟད། ལཱང་རྫིའི་གྲོགས་པོ་པཱེང་ཧེ་ཕིང་ཞེས་པ་ཡང་ལཱང་རྫིས་ལས་ཀའི་རྣམ་གྲངས་བསྟན་པའི་དེབ་ཅིག་དེ་སྔོན་སྤར་སྐྲུན་བྱས་པ་དེར་རོགས་སྐྱོར་བྱས་ཡོད་སྟབས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག་ཕྱི་ཟླ་༨ པའི་ཕྱི་ཚེས་༢༩ ཉིན་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

འཇུ་བཟུང་བྱས་པའི་མི་སྣ་གཉིས་ཀ་པེན་རྒྱ་ནག་གི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་འདུག་ཅིང་། ཚོགས་པ་དེས་བསྒྲགས་གཏམ་ཞིག་སྤེལ་ནས་ཁོང་གཉིས་འཛིན་བཟུང་བཀག་ཉར་བྱས་པ་ནི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དང་རྒྱབ་འགལ་ཡིན་པ་དང་། རྩ་ཁྲིམས་ཀྱིས་གནང་བའི་རྒྱ་ནག་མི་མང་གི་ཐོབ་ཐང་ལ་བརྡལ་བཤིག་གཏོང་གི་ཡོད་སྐོར་སོགས་བརྗོད་ཡོད་འདུག

ཐའེ་ཝན་གནས་སྡོད་རྩོམ་པ་པོ་མཱེན་ལང་ཞེས་པ་ལིའུ་ཞའོ་པོ་རྗེས་དྲན་སྙན་རྩོམ་ཕྱོགས་བསྒྲིགས་གོ་སྒྲིག་བྱེད་མཁན་གྱིས། ཕྱི་ཟླ་༩ པའི་ནང་སྙན་རྩོམ་ཕྱོགས་བསྒྲིགས་དེ་འགྲེམ་སྤེལ་བྱེད་འཆར་ཡིན་ཡང་། གྲགས་ཅན་སྙན་ངག་པ་ལཱང་རྫི་འཛིན་བཟུང་བཀག་ཉར་བྱས་སྟབས་གནས་སྐབས་རིང་འགྲེམ་སྤེལ་བྱེད་རྒྱུ་མིན་སྐོར་བརྗོད་ཡོད་འདུག

ཕྱི་ལོ་༡༩༣༨ ལོར་འཇར་མན་ནཱ་ཛི་གཞུང་གི་བཀག་ཉར་འོག་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཞི་མཐུན་རིང་ལུགས་པ་(Carl von Ossietzky) ཞེས་པ་འདས་གྲོངས་སུ་སོང་རྗེས་ནས་བཟུང་། ད་བར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཞིག་དམ་དྲག་འོག་འདས་གྲོངས་སོང་བ་ནི་ལིའུ་ཞའོ་པོ་གཅིག་པུ་ཡིན་ཞིང་། དེའི་ཐད་ཀྱི་རྒྱ་ནག་གཞུང་གི་བྱེད་སྟངས་ལ་འཛམ་གླིང་རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྐྱོན་བརྗོད་བྱས་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||