རྒྱལ་ཡོངས་གཞུང་མང་གོ་རྟོགས་ལས་འགུལ་སྤེལ་རྒྱུ་རེད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟ་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་རྒྱ་གར་གཞུང་མང་གཉིས་ནས་ངོས་འཛིན་ཡོང་ཐབས་སུ་རྒྱལ་ཡོངས་གཞུང་མང་གོ་རྟོགས་ལས་འགུལ་སྤེལ་རྒྱུ་རེད་འདུག

ཟླ་༡༡ པའི་ཕྱི་ཚེས་༣༠ ཉིན་དྷ་ས་མེག་གྷན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ། གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས། ཕྱི་ཟླ་༡༢ པའི་ཚེས་༡༠ རྒྱལ་སྤྱིའི་འགྲོ་བ་མིིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན། འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟ་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་རྒྱ་གར་གཞུང་དམངས་གཉིས་ནས་ངོས་འཛིན་ཡོང་ཐབས་སུ། ཟླ་གཅིག་ལྷག་རིང་རྒྱ་གར་གྱི་མངའ་སྡེ་༢༢ ནང་རྒྱལ་ཡོངས་གཞུང་དམངས་གོ་རྟོགས་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་སོང་།

དེ་ཡང་ལས་འགུལ་སྤེལ་ཕྱོགས་ནི། གཞོན་ལྷན་དབུས་ས་གཉིས་ཀྱི་ལས་འགུལ་བ་བཞི་རེ་དྷ་ས་དང་། རྒྱ་གར་ལྷོ་ཕྱོགས་ཅན་ན། དེ་བཞིན་རྒྱ་གར་བྱང་ཤར་གྱི་རྒྱལ་ས་ས་ལུ་གྷ་ར་བཅས་ནས་བསྐོར་བསྐྱོད་འགོ་འཛུགས་ཀྱིས་རྒྱ་གར་གྱི་མངའ་སྡེ་༢༢ ལྷག་གི་གྲོང་ཁྱེར་དང་གྲོང་རྡལ་ཆེ་ཁག་༡༥༠ ནང་། བོད་དོན་གོ་རྟོགས་སྤེལ་ཐབས་སུ་སྐད་ཡིག་མི་འདྲ་བ་༦ ནང་ཡོད་པའི་ཡིག་ཆ་འབུམ་༡༠ ལྷག་རྒྱ་གར་མི་མང་ནང་འགྲེམས་སྤེལ་བྱེད་རྒྱུ་རེད་འདུག ས་གནས་ཁག་ཅིག་དང་མཐོ་སློབ་ཀྱི་སློབ་མ་རྣམས་ལ་རྒྱ་གར་གཞུང་མང་གཉིས་བོད་པ་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་། བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ལ་གལ་ཆེན་པོ་ཡིན་པ། རྒྱ་མིའི་ཅ་དངོས་ཉོ་ཚོང་མཚམས་འཇོག་བྱེད་དགོས་སྐོར་ལ་གཏམ་བཤད་སྤེལ་རྒྱུ། གཞན་ཡང་བོད་པ་ཡོད་པའི་ས་གནས་རྣམས་ནས་མར་མེའི་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་སྤེལ་རྒྱུ་དང་། རྒྱ་གར་མང་ཚོགས་ནས་མཚན་རྟགས་བསྡུ་རུབ་བྱས་ཏེ་རྒྱ་གར་དབུས་གཞུང་ལ་འབུལ་རྒྱུས་མཚོན་པའི་ཞུ་གཏུག་གི་ལས་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་འདུག

གསར་འགོད་ལྷན་ཚོགས་སྐབས་ཐོག་མར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིག་མེད་ཀྱིས་ལས་འགུལ་གྱི་དགོས་དམིགས་ཀྱི་སྐོར་ལ། “རྒྱལ་ཡོངས་གཞུང་དམངས་གོ་རྟོགས་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་དེ་རྒྱ་གར་མི་མང་ཚོར་བོད་དོན་དྲིལ་བསྒྲགས་བྱེད་རྒྱུ་དང་། གོ་རྟོགས་སྤེལ་རྒྱུ། བོད་དོན་ཐོག་རྒྱབ་སྐྱོར་རག་ཐབས། དེ་བཞིན་རྒྱ་གར་གཞུང་ལ་ད་ལྟ་ཁོ་རང་ཚོས་བོད་ཐོག་འཛིན་བཞིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་གནང་རོགས་གནང་། བོད་དོན་ཐོག་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཆགས་ཀྱི་ཡོད་”ཅེས་གསུངས་སོང་།

དེ་རྗེས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་གྱིས་གཞོན་ལྷན་རྒྱལ་ཡོངས་གཞུང་མང་གོ་རྟོགས་ལས་འགུལ་གྱི་གསལ་བསྒྲགས་སྒྲོགས་སྦྱང་བྱེད་སྐབས་“རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་གསེབ་དང་གྲོང་རྡལ། གྲོང་ཁྱེར་བཅས་རེ་རེ་བརྒྱུད་དེ་དཔོན་རིགས་ཁག་དང་མཇལ་འཕྲད། མི་མང་གོམ་བགྲོད། གསར་འགོད་ལྷན་ཚོགས། ཡིག་ཆ་འགྲེམས་སྤེལ། མཚན་རྟགས་བསྡུ་རུབ་སོགས་ཐབས་ལམ་སྣ་མང་ཐོག་ནས་རྒྱ་གར་དབུས་སའི་དཔོན་རིགས་དང་མི་མང་ལ་འདས་ཟིན་པའི་ལོ་རྒྱུས་ཀྱི་བྱུང་བ་དང་། ད་ལྟའི་དངོས་ཡོད་ཀྱི་གནས་བབ། མ་འོངས་པའི་རྒྱ་གར་དང་བོད་ཀྱི་མདུན་ལམ་བཅས་འགྲེལ་བརྗོད་ཀྱིས་བོད་རང་བཙན་གྱི་གནད་དོན་དེ། རྒྱ་གར་གྱི་བདེ་འཇགས་དང་ཨེ་ཤི་ཡའི་བརྟན་ལྷིང་ལ་ཐད་ཀར་འབྲེལ་བ་ཤུགས་ཆེན་ཆགས་ཡོད་པའི་དོན་དངོས་གོ་རྟོགས་སྤེལ་རྒྱུ་ཡིན་”ཞེས་གསུངས་སོང་། གསལ་བསྒྲགས་ནང་བོད་དང་རྒྱ་གར་གཉིས་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་ཐོག་ནས་ཆོས་རིག་གི་འབྲེལ་ལམ་ཆེན་པོ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཆབ་དཔལ་རིག་གསུམ་གྱི་ཐོག་ནས་འབྲེལ་ལམ་དམ་ཟབ་ཡོད་པ། ཁོར་ཡུག་གི་གནད་དོན་ཐོག་ནས་བོད་དེ་རྒྱ་གར་ལ་གལ་འགངས་ཆེན་པོ་ཡིན་པ། རྒྱ་དམར་གྱིས་བོད་བཙན་བཟུང་བྱས་རྗེས་ནས་ཧིན་བོད་ས་མཚམས་ཉེན་ཚབ་ཅན་ཆགས་སྐོར། ༡༩༦༢ ལོར་ས་མཚམས་དམག་འཁྲུག་ཁྲོད་རྒྱ་གར་གྱི་དམག་མི་སྟོང་ཕྲག་ལྷག་གི་ཚེ་སྲོག་ཤོར་བ། གཞན་ཡང་འབྲོག་ལམ་གྱི་དོན་རྐྱེན་ལས་བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཤུགས་ཆེན་ཡོད་པ་ར་སྤྲོད་བྱས་སྐོར། རྒྱ་གར་གཙོས་པའི་ཨེ་ཤི་ཡའི་མི་མང་དུང་ཕྱུར་མང་པོའི་རྟེན་གཞིར་གྱུར་པའི་བོད་ཀྱི་གཙང་པོ་རྒྱ་ནག་གིས་ཁ་ལོ་སྒྱུར་བ་དང་། ཆུ་རགས་རྒྱག་པ། དེ་བཞིན་བོད་ཀྱི་ཤིང་ནགས་གཅོད་འབྲེག་སོགས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབ་ཆེན་གཏོང་བ་སོགས་ཀྱིས་རྒྱ་གར་དང་ཨེ་ཤི་ཡའི་གནམ་གཤིས་དང་ཁོར་ཡུག་ལ་གནོད་གཞིའི་ལས་ངན་སྤེལ་བཞིན་པ་བཅས་འཁོད་འདུག

གསལ་བསྒྲགས་ཀྱི་མཇུག་ཏུ་རྒྱལ་ཡོངས་གཞུང་དམངས་ལས་འགུལ་གྱི་འབོད་སྒྲ་གསུམ་འཁོད་ཡོད་པ་ནི། རྒྱ་གར་མི་དམངས་ཀྱིས་གྲོས་ཚོགས་འཐུས་མིར་བོད་ཀྱི་གནད་དོན་གྲོས་ཚོགས་ནང་གླེང་སློང་གནང་རྒྱུར་ཤུགས་སྣོན་རྒྱག་རོགས། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་ཀྱིས་བོད་དེ་འདས་པའི་ལོ་རྒྱུས་ནང་བོད་རང་བཙན་རྒྱལ་ཁབ་ཅིག་དང་། ད་ལྟ་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གྱིས་རྒྱབ་སྐྱོར་གནང་རོགས། ཧིན་བོད་མི་མང་ནས་རྒྱ་དམར་གྱི་ཅ་དངོས་ཉོ་ཚོང་སྤྱོད་གསུམ་བྱ་རྒྱུ་མཚམས་འཇོག་གནང་རོགས། ཞེས་པ་བཅས་རེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||