རྡོ་རྗེ་གླིང་རྐང་སྤོལ་རུ་ཁག་གིས་མཐའ་མའི་རྒྱལ་ཁ་བླངས།

རྡོ་རྗེ་གླིང་ཧི་མ་ལ་ཡ་རྐང་སྤོལ་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་རྒྱལ་ཡུལ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐེངས་༢༣ པའི་གསེར་བུམ་གཟེངས་རྟགས་བླངས་ཡོད་པ་རེད།

ཟླ་འདིའི་ཚེས་༡༩ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཀོ་ལི་གྷལ་དོན་ལྡན་གླིང་དུ། རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ཐེངས་༢༣ པའི་རྩེད་འགྲན་མཐའ་མ་དེ་ཀ་ལི་མན་ཌོ་དོན་གྲུབ་གླིང་རུ་ཁག་དང་ཧི་མ་ལ་ཡ་རྡོ་རྗེ་གླིང་གི་རུ་ཁག་བར་བྱས་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་དང་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་གཉིས་ཕེབས་ཡོད་པ་རེད།

རྩེད་འགྲན་མཐའ་མའི་འགྲན་སྡུར་དངོས་གཞི་འགོ་མ་བཙུགས་སྔོན་དུ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་དང་བྷེང་ལོར་རྒྱ་གར་སློབ་གྲྭའི་བུད་མེད་རུ་ཁག་གཉིས་བར་རྩེད་འགྲན་ཞིག་བྱས་ཡོད་པ་དང་། སྐབས་དེར་བྷེང་ལོར་རུ་ཁག་གིས་སྤོ་ལོ་གསུམ་བླུགས་ནས་རྒྱལ་ཁ་བླངས་ཡོད་པ་རེད།

རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་མཐའ་མ་དེ་དངོས་གཞིའི་དུས་ཚོད་སྐར་མ་༩༠ རིང་ཕྱོགས་གཉིས་ནས་སྤོ་བླུགས་མ་ཐུབ་ནས། རྗེས་སུ་སྐར་མ་༢༠ འཕར་མ་རྩེད་སྐབས། རྡོ་རྗེ་གླིང་གིས་སྤོ་ལོ་གཉིས་བླུགས་ཡོད་པ་རེད།

དེ་ཡང་ཐེངས་འདིའི་རྩེད་འགྲན་ཟླ་འདིའི་ཚེས་༩ ནས་༡༩ བར་འཚོགས་ཏེ། མཉམ་ཞུགས་བྱེད་མཁན་རྒྱ་གར་ནས་རུ་ཁག་༡༤ དང་ཡུ་རོབ་ཧྥ་རན་སི་ནས་རུ་ཁག་༡ ཡོད་པ་དང་། འདི་ལོར་བལ་ཡུལ་ནས་མཉམ་ཞུགས་བྱེད་མཁན་བྱུང་མེད་འདུག དོན་ལྡན་གླིང་གི་རྩེད་ཐང་དེ་གསར་བཟོ་བྱེད་པར་བོད་མིའི་སྒྲིག་འཛུགས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་དོན་ལྡན་གླིང་གཞིས་ཆགས་ཀྱི་མི་རྣམས་ཀྱིས་ཞལ་འདེབས་སྤྲད་ཡོད་པ་རེད་འདུག

དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐལ་བཟང་དོན་གྲུབ་འདི་ལོར་རྒན་ཡོལ་འགྲོ་ཡི་ཡོད་འདུག་པས། ཀོ་ལི་གྷལ་དོན་ལྡན་གླིང་རྩེད་རིགས་ཚོགས་ཆུང་གིས་གཟེངས་རྟགས་སྤྲད་ཡོད་པ་རེད།

རྩེད་འགྲན་དེ་ནི་༧གོང་ས་མཆོག་གི་མ་ཡུམ་བདེ་སྐྱིད་ཚེ་རིང་གི་དྲན་རྟེན་ཆེད་དུ། ཕྱི་ལོ་༡༩༨༡ ལོ་ནས་འགོ་བཙུགས་ཡོད་པ་རེད།
གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||