ལྷ་སའི་ལོང་བ་སློབ་གྲྭ་ཞིག་ལ་སྒོ་རྒྱག་དགོས་པའི་ཉེན་བརྡ་བཏང་འདུག

ལྷ་སར་ཡོད་པའི་རྒྱལ་མཚམས་མེད་པའི་ལོང་ཡིག་སྔོན་འགྲོ་སློབ་གྲྭར་དེ་སྔོན་རྒྱ་གཞུང་གིས་རྒྱབ་སྐྱོར་དང་བསྟོད་བསྔགས་ཐེངས་མང་བྱས་ཡོད་ཀྱང་། ད་ལྟ་སློབ་གྲྭ་དེ་སྒོ་རྒྱག་དགོས་པའི་ཉེན་བརྡ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༣ ཉིན་ཐའེ་ཝན་གྱི་གསར་ཁང་(The China post) ཞེས་པའི་ནང་གནས་ཚུལ་སྤེལ་གསལ་ལྟར་ན།  བོད་ཀྱི་རྒྱལ་ས་ལྷ་ས་རུ་མིག་ལོང་བ་རྣམས་ཀྱི་ཆེད་དུ་སློབ་གྲྭ་གྲགས་ཅན། རྒྱལ་མཚམས་མེད་པའི་ལོང་ཡིག་སྔོན་འགྲོ་སློབ་གྲྭ་(The Braille Without Borders preparatory school) ཞེས་པ་ཞིག་ཡོད་པ་དེར། ཟླ་འདིའི་ཕྱི་ཚེས་༢ ཉིན་རྒྱ་ནག་གཞུང་ནས་སྒོ་རྒྱག་དགོས་པའི་ཉེན་བརྡ་བཏང་ཡོད་འདུག

མིག་ལོང་བ་རྣམས་ལ་ཆེད་དུ་དམིགས་པའི་སློབ་གྲྭ་དེ་ནི། འཇར་མན་བ་སཱེབ་རི་ཡེ་ཊཱེན་བྷེར་ཀེན་(Sabriye Tenberken) དང་། ཁོ་མོའི་རོགས་པ་ཧོར་ལན་ཌིའི་མི་ཞིག་གིས་ལོ་ངོ་༡༩ གོང་སྟེ་ཕྱི་ལོ་༡༩༩༨ ལོར་ལྷ་སར་བཙུགས་ཡོད་འདུག་ཅིང་། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས། སློབ་གྲྭ་དེ་དང་ལྷ་ས་གྲོང་ཁྱེར་གྱི་ནུབ་ངོས་སུ་ཆུ་ཚོད་༥ ཙམ་འགྲོ་བསྐྱོད་བྱེད་དགོས་པའི་ཞིང་ལས་ལས་རིགས་སྦྱོང་བརྡར་ཁང་ཞིག་ཡོད་པ་གཉིས་ཀྱིས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོན་ཡོད་སྐོར་དེ་སྔོན་བསྔགས་བརྗོད་ཡང་ཡང་བྱས་མྱོང་ཡོད་པ་མ་ཟད།  སློབ་གྲྭ་གསར་འཛུགས་བྱེད་མཁན་ལ་རྒྱ་ནག་གཞུང་ནས་བྱ་དགའ་ཐེངས་མང་པོར་ཕུལ་ཡོད་འདུག

ད་ཆ་སློབ་གྲྭ་དེ་དང་ཞིང་ལས་སྦྱོང་བརྡར་ཁང་དེ་གཉིས་ངེས་པར་དུ་སྒོ་རྒྱག་དགོས་པའི་ཉེན་བརྡ་བཏང་ཡོད་འདུག་ཀྱང་། དེར་དམིགས་བསལ་རྒྱུ་མཚན་འདི་རེད་ཟེར་བ་ཞིག་རྒྱ་ནག་གཞུང་གིས་གང་ཡང་བརྗོད་མེད་འདུག

སློབ་གྲྭ་དེའི་ནང་ད་བར་འདས་པའི་ལོ་ངོ་༡༩ ཡི་རིང་། ལོ་༦ ནས་༡༥ བར་གྱི་སློབ་ཕྲུག་ལོང་བ་༣༠༠ ཡས་མས་ལ་སྦྱོང་བརྡར་སྤྲད་ཡོད་ཅིང་། ད་ལྟའི་ཆར་རྒྱ་ནག་གི་དབང་པོ་སྐྱོན་ཅན་གྱི་ཚོགས་སྡེའི་ཡན་ལག་ཏུ་གྱུར་པའི་བོད་ཀྱི་དབང་པོ་སྐྱོན་ཅན་གྱི་ཚོགས་པ་(TDPF)ཞེས་པ་དང་མཉམ་འབྲེལ་བྱེད་བཞིན་ཡོད་འདུག

སློབ་གྲྭ་དེ་གསར་འཛུགས་བྱེད་མཁན་ཊཱེན་བྷེར་ཀེན་གྱིས་བརྗོད་དོན། བོད་ཀྱི་དབང་པོ་སྐྱོན་ཅན་གྱི་ཚོགས་པས་ཁོ་མོར་སློབ་གྲྭ་དང་ལག་ཤེས་སྦྱོང་བརྡར་ཁང་གཉིས་ངེས་པར་དུ་སྒོ་རྒྱག་དགོས་པ་བརྡ་ཁྱབ་བཏང་བྱུང་ཞེས་དང་། རྒྱུ་མཚན་ག་རེ་བྱས་ནས་སྒོ་རྒྱག་དགོས་པ་ཁོ་མོས་ཤེས་ཀྱི་མེད་ཅིང་། རྒྱ་ནག་གི་དབང་འཛིན་པ་ཚོས་ག་དུས་ཡིན་ན་ཡང་ཁོང་ཚོའི་ལས་གཞི་ལ་རྒྱབ་སྐྱོར་དང་བསྟོད་བསྔགས་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

སློབ་གྲྭ་དེ་སྒོ་རྒྱག་རྒྱུའི་ཐད་དབང་འཛིན་པ་ཚོས་ད་ལྟ་མཐའ་མའི་ཐག་གཅོད་བྱས་ཟིན་མེད་ཅིང་། ཁོང་ཚོས་ལོང་བ་རྣམས་ལ་ལྟ་སྐྱོང་མུ་མཐུད་ནས་བྱེད་རྒྱུ་ཡིན་སྐོར་འབྲེལ་ཡོད་ས་གནས་ལས་བྱེད་ཅིག་གིས་བརྗོད་ཡོད་འདུག་ཀྱང་། ཁོས་བཤད་པའི་སྐད་ཆ་དེ་བརྒྱུད་ལམ་ཁག་ཏུ་སྤེལ་ཆོག་གི་མེད་སྐོར་བརྗོད་ཡོད་འདུག

སློབ་མ་ལོང་བ་རྣམས་རྒྱ་གཞུང་གིས་དམིགས་བསལ་སློབ་གྲྭ་ནང་འཇོག་འཆར་ཡོད་འདུག་ཀྱང་། ཊཱེན་བྷེར་ཀེན་གྱིས་རྒྱ་གཞུང་གི་དམིགས་བསལ་སློབ་གྲྭ་དེ་དག་ནང་ལོང་བ་ཚོར། རང་མགོ་རང་ཐོན་ཡོང་ཆེད་དགོས་མཁོ་ཆེ་བའི་དམིགས་བསལ་སྦྱོང་བརྡར་ཐོབ་རྒྱུ་མིན་སྐོར་བརྗོད་འདུག

འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

ལོང་ཡིག་སློབ་གྲྭ་དེ་གསར་འཛུགས་གནང་མཁན་སཱེབ་རི་ཡེ་ཊཱེན་བྷེར་ཀེན་གྱི་མིག་དབང་གི་ནུས་པ་ལོ་ན་ཆུང་ངུའི་དུས་ནས་རིམ་བཞིན་ཉམས་ཏེ། རང་ལོ་༡༣ སྟེང་མིག་གཉིས་ཀས་རྩ་བ་ནས་མཐོང་མི་ཐུབ་པ་ཆགས་ཡོད་པ་རེད། རྒྱལ་མཚམས་མེད་པའི་ལོང་ཡིག་ཚོགས་པ་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་དམིགས་པའི་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་ཞིང་། རྒྱལ་མཚམས་མེད་པའི་ལོང་ཡིག་སྔོན་འགྲོ་སློབ་གྲྭ་ནི་སཱེབ་རི་ཡེ་ཊཱེན་བྷེར་ཀེན་དང་། ཕོལ་ཀི་རོན་བྷེར་གཉིས་ཀྱིས་༡༩༩༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་རུ་གསར་འཛུགས་བྱས་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||