སྲིད་སྐྱོང་བློ་བཟང་སེང་གེ་ལ་ཏ་ཀ་སུ་གཟེངས་རྟགས་ཕུལ་སོང་།

 

ཁྱེད་ཚོར་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེངྒེ་ལྟ་བུ་ཡོད་པ་འདི་དངོས་གནས་དགའ་སྤོབས་སྐྱེས་འོས་པ་ཞིག་རེད་ཅེས་སྨན་པ་ཏ་ཀ་སུས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཏ་ཀ་སུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ པའི་ཐོག་དྷ་ས་གངས་སྐྱིད་ལས་བྱེད་ཀྱི་ཚོགས་ཁང་གསར་པའི་ནང་། ཉི་ཧོང་ཏ་ཀ་སུ་ཐེབས་རྩ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལ་བོད་མིའི་རྩ་དོན་དང་ཤེས་ཡོན་ལ་རྒྱབ་སྐྱོར་མཚོན་ཆེད་དུ། ཏ་ཀ་སུ་གཟེངས་རྟགས་ཞེས་པ་ཕུལ་སོང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས། སྲི་ཞུ་ལས་བྱེད་པ་ཡོངས་མཛད་སྒོར་མཉམ་ཞུགས་བྱས་འདུག

གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་སྐུ་ཞབས་ཏ་ཀ་སུ་ཡིས་གསུང་བཤད་གནང་དོན་དུ།ང་རང་གིས་དེ་རིང་འདིར་ཁྱེད་ཚོ་མཇལ་སྐབས་སེམས་ནང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་།  ཁྱེད་ཚོར་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེངྒེ་ལྟ་བུ་ཡོད་པ་འདི་དངོས་གནས་དགའ་སྤོབས་སྐྱེས་འོས་པ་ཞིག་རེད།   སྤྱིར་ཉི་ཧོང་དང་བོད་མི་རིགས་གཉིས་དངོས་པོའི་གནས་ལུགས་ཐོག་བསམ་བློ་གཏོང་སྟངས་སོགས་ཀྱི་མཚུངས་ཆོས་མང་པོ་ཡོད།  དེར་བརྟེན་བོད་མི་ཚོ་དཀའ་སྡུག་མྱོང་བཞིན་ཡོད་པ་ཐོག་མར་གོ་ཐོས་བྱུང་སྐབས། ང་རང་ནང་མི་ཞིག་ལ་དཀའ་ངལ་འཕྲད་བཞིན་པའི་ཚོར་བ་སྐྱེས་བྱུང་།  ང་ཚོས་འཚེ་མེད་ཞི་བའི་ལམ་ནས་མུ་མཐུད་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་མི་རབས་གཞོན་པ་ཚོར་ཤེས་ཡོན་གྱི་མཐུན་འགྱུར་སྦྱར་ནས་མ་འོངས་པར་རེ་བ་རྒྱག་ས་ཡོད་པ་ཞིག་བཟོ་ཐུབ་དགོས།  ངས་གང་ཐུབ་བོད་དོན་ཐོག་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན།  ངས་ཕར་རང་ཡུལ་དུ་ལོག་ནས་དངུལ་གང་ཐུབ་བསག་རྒྱུ་དང་། དེའི་ཆེད་འབད་བརྩོན་གང་ཡོད་ཞུ་རྒྱུ་ཡིན། ངའི་རེ་བར་མ་འོངས་མི་རབས་གཞོན་པའི་ཁྲོད་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྟ་བུ་མང་ཙམ་འཐོན་རྒྱུར་རེ་བ་ཞུ་རྒྱུ་ཡིན།ཞེས་གསུངས་སོང་།

དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་བྱས་ཏེ་སྨན་པ་ཏ་ཀ་སུ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས། སྨན་པ་ཏ་ཀ་སུ་དེ་སྔ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༤ ལོར་སྨན་པ་ཁོང་དྷ་སར་ཕེབས་ཏེ་བཀའ་ཤག་ནས་ཤེས་ཡོན་ཧ་ཅང་གལ་ཆེན་པོ་ཡིན་ཞེས་འབད་བརྩོན་གནང་བ་དེར་རྒྱབ་སྐྱོར་གནང་ཡོད་པ་དང་། སྨན་པ་ཁོང་གིས་ག་དུས་ཡིན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཞུ་ཡི་ཡོད་པ་མ་ཟད། བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་དང་བོད་མིའི་སྒྲིག་འཛུགས་ལའང་རྒྱབ་སྐྱོར་ཡོད་པ་དུས་རྟག་ཏུ་གསུང་བཞིན་ཡོད་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་ཏ་ཀ་སུ་ཁོང་ཉི་ཧོང་གི་སྨན་པ་སྐད་གྲགས་ཆེན་པོ་ཞིག་རེད། ཁོང་གི་ལས་ཁུངས་ནང་དེ་སྔ་ཡིན་ན། རྒྱ་ནག་སྐམ་ས་ནས་རྒྱ་མིའི་ཚོང་པ་ཆེན་པོ་དང་སྙན་གྲགས་ཅན་མང་པོ་ཞིག་སྨན་གཏུག་ཆེད་ཡོང་སྲོལ་ཡོད་འདུག   འོན་ཀྱང་ཁོང་དྷ་སར་ཕེབས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཐོབ་རྗེས་ལས་ཁུངས་ནང་༸གོང་ས་མཆོག་གི་སྐུ་པར་དང་ཐང་ཀ་ཆེན་པོ་དེ་འདྲ་བསྒྲིགས་པ་ནས་བཟུང་རྒྱ་ནག་ནས་ཡོང་མཁན་ཇེ་ཉུང་དུ་ཕྱིན་ཡོད་འདུག  སྔ་མོ་ཡིན་ན་ཁོང་གིས་རྒྱ་ནག་སློབ་ཕྲུག་དེ་འདྲར་སྦྱིན་བདག་བྱེད་ཀྱི་ཡོད་སྟབས། ལོ་གསར་སྐབས་འཚམས་འདྲི་དེ་འདྲའང་འབྱོར་གྱི་ཡོད་འདུག གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་ཐང་ཀ་བཤམས་པ་ནས་བཟུང་རྒྱ་རིགས་ཚོ་དང་འབྲེལ་བ་ཧ་ལམ་ཆད་ཀྱང་ཁོང་ལ་ཁྱད་པར་གང་ཡང་མི་འདུག་ཅེས་གསུང་བཞིན་འདུག  ཁོང་སྨན་པ་ཧ་ཅང་སྙན་གྲགས་ཆེན་པོ་ཡིན་སྟབས་རྒྱ་ནག་གཞུང་གིས་ཁོང་ལ་མཐོང་ཕྱོགས་བྱུང་བ་དེས་ཁོང་སྒེར་ལ་ཁྱད་པར་རྩ་བ་ནས་མི་འདུག་ཅེས་གསུང་པ་དང་སྦྲགས་༧གོང་ས་མཆོག་གི་སྐུ་པར་ནམ་ཡང་མར་ཕབ་རྒྱུ་མིན་པ་དང་། ཁོང་ལ་ཐུག་འཕྲད་བྱེད་མཁན་སུ་འབྱོར་ན་༧གོང་ས་མཆོག་གི་སྐུ་པར་མཇལ་ནས་འགྲོ་དགོས་རེད་ཅེས་གསུངས་ནས་༧གོང་ས་མཆོག་ལ་ཧ་ལས་པའི་དད་གུས་ཆེན་པོ་ཞུ་མཁན་ཞིག་རེད་འདུགཅེས་དང་།

ཡང་ཁོང་གིས་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་སླད་ཏ་ཀ་སུ་གཟེངས་རྟགས་འདི་འབུལ་གྱི་ཡིན་ཞེས་ལན་འབྱོར་བར་ཁ་ཞེ་གཉིས་མེད་ཐོག་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ལ་ཕན་པ་དང་བོད་མིའི་སྒྲིག་འཛུགས་ལ་ཕན་པའི་ཕྱག་རོགས་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ལ་ཏ་ཀ་སུ་གཟེངས་རྟགས་ཐེངས་དང་པོ་འབུལ་གྱི་ཡིན་ཞེས་བརྗོད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ང་རང་སྲིད་སྐྱོང་ལས་ཐོག་ཡིན་སྟབས་གཞུང་འབྲེལ་གཟེངས་རྟགས་དང་གསོལ་རས་གང་ཐོབ་པ་ཡིན་ནའང་བཀའ་ཤག་ནང་སྒྲིག་གཤོམ་བྱས་ནས་འཇོག་རྒྱུ་རེད་མ་གཏོགས་ང་རང་སྒེར་གྱི་ཆགས་ཀྱི་མེད། རྩ་བའི་ང་སྒེར་གྱི་མིང་འབོད་ཀྱི་ཡོད་ནའང་སྲིད་སྐྱོང་གི་འགན་འཁྱེར་བའི་ཐོག་ནས་གཟེངས་རྟགས་འབུལ་ཡོང་སྐབས་བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆགས་པ་རེད།  དེར་བརྟེན་ཁོང་གིས་བོད་མིའི་སྒྲིག་འཛུགས་ལ་གཟེངས་རྟགས་འདི་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཞེས་དང་། སྲིད་སྐྱོང་གང་ཟག་གཅིག་གིས་བྱེད་རྒྱུ་གང་ཡང་མེད་ཀྱང་གཙོ་བོ་ཕྱག་རོགས་བཀའ་བློན་རྣམས་དང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རང་དབང་ཅན་གྱི་སྡེ་ཁག་གཉིས་སོགས་ཚང་མས་འགན་འཁུར་བའི་ཐོག་ནས་ཕྱག་ལས་གནང་བ་ལ་བརྟེན་ནས་ཡིན་པ། ༧གོང་ས་མཆོག་གི་ཐུགས་ཀྱི་འཆར་སྣང་དང་དགོངས་བཞེད་ལྟར་བཙན་བྱོལ་ནང་ཡང་དག་པའི་མང་གཙོ་ལག་བསྟར་བྱེད་པ་འདི་འཛམ་གླིང་སྤྱི་ཡོངས་ལ་ངོམས་སུ་ཆོག་པ་ཆགས་ཡོད་པ་བཅས་གསུངས་སོང་ལ།

དེ་བཞིན་ཁོང་གིས་དེ་རིང་ཏ་ཀ་སུ་གཟེངས་རྟགས་འདི་ང་སྲིད་སྐྱོང་གི་མིང་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཚང་མས་དུས་རྟག་ཏུ་ཕྱར་གྲུ་མཉམ་འདེགས་གནང་སྟེ་འགན་ཁུར་བཞེས་པའི་གཟི་བརྗིད་དང་། འཇོན་ཐང་དང་གྲུབ་འབྲས་སྨིན་པ་ཞིག་ལ་ངོས་འཛིན་པའི་ཐོག་ནས་ད་ལན་ཏ་ཀ་སུ་གཟེངས་རྟགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ཏ་ཀ་སུ་གཟེངས་རྟགས་དང་འབྲེལ་ཉི་ཧོང་སྒོར་མོ་ས་ཡ་བཅུ་ཡོད་ས་རེད། དེ་ཁོ་རང་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་འཐབ་རྩོད་དང་ཤེས་ཡོན་ལ་རྒྱབ་སྐྱོར་གནང་ཆེད་ཡིན་ཞེས་བརྗོད་སྐབས་ཤེས་རིག་ལས་ཁུངས་ལ་འབུལ་རྒྱུ་རེད།  དེ་འདྲ་བྱས་ན་ཁོང་རང་ཉིད་ཀྱིས་དུས་རྟག་ཏུ་ཤེས་ཡོན་ཡར་རྒྱས་གཏང་དགོས་རེད་ཅེས་དགོངས་པ་བཞེས་མཁན་ཞིག་ཡིན་སྟབས། ཤེས་ཡོན་བརྒྱུད་ནས་ང་ཚོའི་མ་འོངས་སོན་རྩ་ཚོ་སོ་སོའི་རྐང་པའི་ཐོག་ལངས་ཐུབ་རྒྱུ་དང་། རྩ་དོན་རྩོད་མཁན་གྱི་འགོ་ཁྲིད་ཆགས་ཐུབ་རྒྱུའི་རེ་བ་བྱས་ནས་ཤེས་རིག་ལས་ཁུངས་ལ་ཕུལ་ཐུབ་ན་ཡག་ཤོས་རེད་འདུགཅེས་དང་། ཏ་ཀ་སུ་དང་ཁོང་གི་ཕྱག་རོགས་ཆེད་དུ་མངགས་ནས་ཉི་ཧོང་ནས་དྷ་སར་དམིགས་ཡུལ་དེ་རང་གི་ཆེད་དུ་ཕེབས་པ་ཞིག་ཡིན་པ་དང་། རྗེས་ཕྱོགས་མུ་མཐུད་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་རེ་སྐུལ་ཞུས་གནང་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||