ཨབ་གྷ་ནི་སེ་ཐན་དུ་ཨེ་སི་སིས་དྲག་རྒོལ་བྱས་འདུག

ཨི་རག་དང་སི་རི་ཡའི་ནང་དུ་ཁ་ཆེ་འཇིགས་སྐུལ་ཚོགས་པ་ཨེ་སི་སིར་ཕམ་ཉེས་ཆེན་པོ་བྱུང་ནས་ཤུགས་རྐྱེན་དེ་ཙམ་མེད་པ་ཆགས་ཡོད་ཀྱང་། ཨབ་གྷ་ནི་སེ་ཐན་དུ་མུ་མཐུད་དུ་དྲག་རྒོལ་སྤེལ་བཞིན་ཡོད་འདུག

ཟླ་༡༢ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨབ་གྷན་ནི་སེ་ཐན་གྱི་རྒྱལ་ས་ཀ་བྷུལ་ནང་གི་ཁ་ཆེ་ཆོས་ལུགས་ཀྱི་སྡེ་ཚན་ཤཱི་ཡའི་བསྟི་གནས་ཁང་ཞིག་ལ། ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཨེ་སི་སིས། རང་གཞན་གཉིས་ཕུང་གི་འབར་གས་གཏོར་ཏེ། ཉུང་མཐར་མི་༤༡ བསད་ཡོད་པ་དང་། ༨༠ ལས་མང་བར་རྨས་སྐྱོན་ཕོག་ཡོད་འདུག

རྒྱལ་ཁབ་དེར་དབང་ཤུགས་ཆེན་པོ་ཡོད་མཁན་གྱི་ཏ་ལི་བྷན་འཇིགས་སྐུལ་ཚོགས་པས། རྒྱུན་དུ་ནས་ཤཱི་ཡ་སྡེ་ཚན་ལ་དམིགས་སུ་བཀར་ནས་དྲག་རྒོལ་བྱེད་ཀྱི་མེད་པ་ལྟར།  ཐེངས་འདིའི་དྲག་རྒོལ་དེ་ཁོ་ཚོའི་བྱེད་ལས་མིན་པ་གསལ་བསྒྲགས་བྱས་འདུག་པ་དང་། ཨེ་སི་སིས་དྲག་རྒོལ་དེར་འགན་ལེན་བྱས་འདུག ཨབ་གྷ་ནི་སེ་ཐན་ནང་དུ་ཁ་ཆེ་ཆོས་ལུགས་ཀྱི་ཤཱི་ཡ་སྡེ་ཚན་ལ་དྲག་རྒོལ་ཐེངས་མང་བྱུང་ཡོད་པས། སྲིད་འཛིན་ཨ་ཤྲ་ཧྥེ་གྷ་ནཱི་ཡི་སྲིད་གཞུང་གིས་ཁོང་ཚོར་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པར། སྡེ་ཚན་དེའི་མི་རྣམས་ཀྱིས་སྐྱོན་བརྗོད་དང་འཁོན་འཛིན་ཆེ་རུ་འགྲོ་ཡི་ཡོད་པ་དང་། དཔྱད་བརྗོད་པ་མང་པོས་ཨེ་སི་སི་ཡིས་རྒྱལ་ཁབ་དེའི་ནང་ཁ་ཆེ་ཆོས་ལུགས་ཀྱི་སྡེ་ཚན་གཉིས་བར། དམག་འཁྲུག་སློང་ཐབས་བྱེད་ཀྱི་ཡོད་པར་ཚོད་དཔག་བྱེད་ཀྱི་འདུག

བསྟི་གནས་ཁང་དེར་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨབ་གྷ་ནི་སེ་ཐན་ལ་བཙན་འཛུལ་བྱས་པའི་དུས་དྲན་ཐེངས་༣༨ པ་དེ་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། དེ་གར་སློབ་ཕྲུག་མང་པོ་ཞིག་ཀྱང་མཉམ་འཛོམས་བྱས་ཡོད་འདུག བསྟི་གནས་ཁང་དེར་དྲག་རྒོལ་བྱེད་སྐབས། དེའི་འགྲམ་དུ་ཡོད་པའི་ཨབ་གྷ་ནི་སེ་ཐན་གྱི་གསར་ཁང་ཞིག་ལ་ཡང་གཏོར་རྒོལ་བྱུང་ཡོད་འདུག་ཀྱང་། དྲག་རྒོལ་དེའི་དམིགས་བཀར་གསར་ཁང་དེ་ཡིན་མིན་ཤེས་རྟོགས་བྱུང་མེད་འདུག འབར་གས་ཐེངས་དང་པོ་དེ་བྱུང་རྗེས། འབར་གས་ཐེངས་གཉིས་བསྟུད་མར་བྱུང་ཡོད་འདུག་ཀྱང་། མི་གསོད་ཁྲག་སྦྱོར་གྱི་གནད་དོན་ལྷག་མེད་འདུག

ཨེ་སི་སིས་དབང་ཤུགས་དེ་ཨི་རག་དང་སི་རི་ཡའི་ནང་ཉམས་བཞིན་ཡོད་ཀྱང་། ཨབ་གྷ་ནི་སེ་ཐན་གྱི་བྱང་ཕྱོགས་སུ་ཚོགས་པ་དེའི་དབང་ཤུགས་ལྷག་ཡོད་པས། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཚོས། འཇིགས་སྐུལ་ཚོགས་པ་དེ་རྩ་མེད་གཏོང་རྒྱུ་ཡིན་སྐོར་བརྗོད་ནས། ད་ལྟའི་ཆར་དམག་འཁྲུག་རྒྱག་བཞིན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||