ཀེ་ཌ་ལོ་ནི་ཡའི་མི་མང་ས་ཡ་གཅིག་གིས་རང་བཙན་མངོན་འདོད་ཀྱི་གོམ་བགྲོད་བྱས་འདུག

ཡུ་རོབ་སེ་པན་གྱི་མངའ་ཁུལ་ཀེ་ཌ་ལོ་ནི་ཡ་(Catalonia) ཡི་རྒྱལ་ཡོངས་ཉིན་མོ་དང་བསྟུན་ནས། མི་མང་ས་ཡ་གཅིག་ལྷག་གིས་མངའ་ཁུལ་དེའི་རྒྱལ་ས་བྷར་སེ་ལོ་ནར་འཛོམས་ནས། རང་བཙན་མངོན་འདོད་ཀྱི་གོམ་བགྲོད་ལས་འགུལ་སྤེལ་ཡོད་འདུག་པ་དང་། ཟླ་༡༠ པའི་ཚེས་༡ ཉིན་གཏན་ཁེལ་བའི་རང་བཙན་གྱི་མང་མོས་འོས་བསྡུའི་འཆར་གཞིར་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་འདུག

ཟླ་༩ པའི་ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་སི་པན་གཞུང་གི་རྩ་ཁྲིམས་ཁྲིམས་ཁང་གིས། ཀེ་ཌ་ལོ་ནི་ཡ་མངའ་ཁུལ་དེ་སི་པན་ནས་ཁ་བྲལ་དགོས་མིན་ཐད་ཀྱི་མང་མོས་འོས་བསྡུའི་འཆར་གཞི་དེ་ནི་ཁྲིམས་འགལ་ཡིན་སྐོར་བརྗོད་ཀྱང་། རང་བཙན་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པའི་ཁེ་ཌ་ལོ་ནི་ཡའི་མངའ་ཁུལ་གཞུང་གིས། ཟླ་༡༠ པའི་ཚེས་༡ ཉིན་མངའ་ཁུལ་དེའི་མི་མང་གིས་རང་བཙན་དགོས་མིན་ཐད་མང་མོས་འོས་བསྡུ་བྱ་རྒྱུར་གཏན་འབེབས་བྱས་ཡོད་འདུག

ཟླ་༩ པའི་ཚེས་༡༡ ཉིན་ནི་ཕྱི་ལོ་༡༧༡༤ ལོར་རྒྱལ་ས་བྷར་སི་ལོ་ནར་ཁེ་ཌ་ལོ་ནི་ཡའི་དམག་མི་རྣམས། སི་པན་གྱི་དམག་མི་དང་དམག་ཤོར་ནས་བྷར་སི་ལོ་ན་ཤོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་པ་དང་། ལོ་ལྟར་ཉིན་དེར་རང་བཙན་མངོན་འདོད་ཡོད་མཁན་ཚོས་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་གྱི་ཡོད་ཀྱང་། ཐེངས་འདིར་རང་བཙན་གྱི་མང་མོས་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན། མི་མང་མཉམ་ཞུགས་ཀྱི་གྲངས་འབོར་དང་སེམས་ཚོར་ཡང་ཆེན་པོ་བྱུང་འདུག

སི་པན་གཞུང་གིས་མང་མོས་འོས་བསྡུ་དེ་བཀག་འགོག་བྱ་རྒྱུའི་སྡིགས་ར་སྐུལ་ཡོད་ཀྱང་། ཀེ་ཌ་ལོ་ནི་ཡའི་མངའ་ཁུལ་གྱི་རང་སྐྱོང་གཞུང་གིས་འོས་བསྡུ་དེ་འཆར་གཞི་ལྟར་འགྲོ་རྒྱུ་ཡིན་པ་ངེས་གཏན་བཟོས་འདུག་པ་དང་། བསམ་ཤོག་བསྡུ་ལེན་ཞིག་གི་གྲུབ་དོན་དུ་མངའ་ཁུལ་དེའི་མི་མང་ཕལ་ཆེ་བར་འོས་ཤོག་འཕེན་འཇུག་དགོས་པའི་བསམ་ཚུལ་ཡོད་འདུག དེ་བཞིན་ཟླ་༧ པའི་ནང་བསམ་ཚུལ་བསྡུ་ལེན་ཞིག་གི་གྲུབ་དོན་དུ། མི་མང་བརྒྱ་ཆ་༤༩.༤ ཡིས་རང་བཙན་ལ་རྒྱབ་སྐྱོར་མེད་པ་དང་བརྒྱ་ཆ་༤༡.༡ གིས་རྒྱབ་སྐྱོར་ཡོད་པ་རེད་འདུག

ཟླ་༩ པའི་ཚེས་༦ ཉིན་ཀེ་ཌ་ལ་ན་ཡའི་གྲོས་ཚོགས་ནང་རང་བཙན་ལངས་ཕྱོགས་འཛིན་མཁན་གྱི་སྲིད་དོན་ཚོགས་པ་ཁག་མཉམ་སྒྲིལ་ཐོག ཟླ་༡༠ པའི་ཚེས་༡ ཉིན་རང་བཙན་གྱི་མང་མོས་འོས་བསྡུ་བྱ་རྒྱུའི་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་ཡོང་ཐུབ་པ་བྱུང་འདུག་ཀྱང་། སི་པན་གཞུང་གིས་ཐག་གཅོད་དེ་ནི་རྩ་ཁྲིམས་དང་མང་གཙོ་ལ་བརྩི་བཀུར་མ་བྱས་པ་ཡིན་པའི་སྐྱོན་བརྗོད་བྱས་ནས། ཁྲིམས་དང་ཆབ་སྲིད་ཀྱི་དབང་ཆ་ཡོང་རྫོགས་བེད་སྤྱད་ནས་མང་མོས་འོས་བསྡུ་དེ་བཀག་འགོག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་སྔོན་ཕྱི་ལོ་༢༠༡༤ ལོའི་ཟླ་༡༡ པའི་ཚེས་༩ ཉིན་རང་བཙན་གྱི་མང་མོས་འོས་བསྡུ་བྱས་ཡོད་པ་དང་། སྐབས་དེར་འོས་བསྡུ་མ་བྱས་པའི་ཉིན་ལྔ་ཡི་སྔོན་དུ། སི་པན་གྱི་རྩ་ཁྲིམས་ཁྲིམས་ཁང་གིས་འོས་བསྡུ་དེ་ནི་ཁྲིམས་འགལ་ཡིན་པའི་ཐག་གཅོད་བྱས་ཡོད་པ་རེད་དེ། འོས་བསྡུ་དེ་འཆར་གཞི་ལྟར་ཕྱིན་ཡོད་པ་རེད་འདུག གྲུབ་དོན་དུ་འོས་བསྡུ་མཉམ་ཞུགས་བྱེད་མཁན་ཁྲོད་བརྒྱ་ཆ་༨༠ ཡིས་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད་ཀྱང་། སྐབས་དེར་ཀེ་ཌ་ལ་ནི་ཡའི་མི་མང་འོས་བསྡུ་པའི་ཆ་རྐྱེན་ཚང་མཁན་མི་མང་ས་ཡ་༥.༤ ནས་མི་མང་ས་ཡ་༢.༣ ཡིས་མ་གཏོགས་མཉམ་ཞུགས་བྱས་མེད་པ་རེད་འདུག

ཁེ་ཌ་ལོ་ནི་ཡ་དེར་རང་སྐྱོང་གི་མི་ཚོགས་འབོད་པ་ལས། རང་སྐྱོང་གི་མངའ་ཁུལ་ཞེས་འབོད་སྲོལ་མི་འདུག་ཀྱང་། ཁུལ་དེར་རང་སྐྱོང་གི་གཞུང་དང་གྲོས་ཚོགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||