ཊོམ་གྱིས་ཞི་ཅིན་ཕིང་ལ་བསྟོད་བསྔགས་བཏང་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བྱང་ཀོ་རི་ཡའི་གནད་དོན་ལ་བཀོད་ཇུས་བྱེད་སྟངས་དང་འབྲེལ་ནས། བསྟོད་བསྔགས་བྱས་པ་མ་ཟད། ཞི་ཅིན་ཕིང་མི་ཡག་པོ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཚེས་༢༨ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་རེའུ་ཊོར་བརྒྱུད་ལམ་གྱིས་སྲིད་འཛིན་ཊོམ་ལ་བཅར་འདྲི་བྱས་ཡོད་པ་དང་། སྐབས་དེར་ཁོང་གིས་བྱང་ཀོ་རི་ཡའི་དཀའ་རྙོག་དེ་ཞི་བ་དང་གྲོས་མོལ་ལམ་ནས་སེལ་འདོད་ཡོད་དེ། དེ་ལྟར་ཡོང་རྒྱུ་དཀའ་ལས་ཁག་པོ་ཡིན་པས། ཨ་རི་དང་བྱང་ཀོ་རི་ཡའི་བར་ལ་འཁྲུག་རྩོད་ཆེན་པོ་ལངས་སྲིད་སྐོར་བརྗོད་ཡོད་འདུག

དེ་སྔོན་ཊོམ་ལ་སྲིད་འཛིན་འོས་ཐོབ་རྗེས། རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་འཆར་དེར་བཀོད་ཇུས་བཙན་པོ་བྱེད་ཀྱི་མེད་སྐོར་གྱི་སྐྱོན་བརྗོད་བྱེད་མྱོང་ཡོད་པ་རེད་དེ། ཐེངས་འདིར་སྲིད་འཛིན་ཞི་ཅིན་ཕིང་གིས་དཀའ་རྙོག་དེ་སེལ་ཐབས་ལ་གང་ཡོང་བྱེད་ཀྱི་ཡོད་པར་ཡིད་ཆེས་ཡོད་པ་དང་། དེ་བཞིན་ཁོང་ནི་མི་ཡག་པོ་ཞིན་ཡིན་ཁར། རྒྱ་ནག་རྒྱལ་ཁབ་དང་མི་མང་ལ་དགའ་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་སྐོར་བརྗོད་ནས། ཁོང་གིས་ཞི་ཅིན་ཕིང་གིས་དཀའ་རྙོག་དེ་སེལ་ཐབས་སུ་གང་ཡོང་ཞིག་བྱེད་འདོད་ཡོད་པ་ཤེས་ཀྱི་ཡོད་དེ། གཅིག་བྱས་ན་ཁོང་གིས་དེ་ལྟར་བྱེད་མ་ཐུབ་པ་ཡོང་སྲིད་སྐོར་བརྗོད་འདུག

ཟླ་འདིའི་ཚེས་༢༨ ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་བྱང་ཀོ་རི་ཡའི་དཀའ་རྙོག་དང་འབྲེལ་ནས་ཚོགས་འདུ་འཚོག་རྒྱུ་ཡིན་འདུག་པ་དང་། ཟླ་འདིའི་ཚེས་༢༧ ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གིས་ཨ་རི་ལ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་སླར་ཡང་བྱས་ཚེ། དཔལ་འབྱོར་གྱི་ཉེས་ཆད་གཏང་རྒྱུ་ཡིན་སྐོར་དང་། བྱང་ཀོ་རི་ཡར་དེ་ལྟར་མི་བྱེད་པའི་རེ་སྐུལ་བྱས་པའི་སྙན་སེང་ཞུས་ཡོད་སྐོར་བརྗོད་འདུག

རྒྱ་ནག་ནང་དུ་ཡོད་པའི་རྒྱལ་སྤྱིའི་བརྒྱུད་ལམ་ཨལ་ཇེ་ཛ་རའི་གསར་འགོད་པས། སྲིད་འཛིན་ཊོམ་གྱིས་སྲིད་འཛིན་ཞི་ཅིན་ཕིང་ལ་བསྟོད་བསྔགས་བཏང་བ་དེ་ནི། རྒྱ་ནག་གིས་བྱང་ཀོ་རི་ཡའི་དཀའ་རྙོག་དེར་ལངས་ཕྱོགས་མཁྲེགས་པོ་འཛིན་ཆེད་དུ་སྤྲེལ་ལད་བཤད་པ་ཡིན་སྲིད་སྐོར་བརྗོད་ཡོད་འདུག

ཨ་རི་ཡིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའི་ཚོད་ལྟ་དང་བཟོ་སྐྲུན་གྱི་ལས་འཆར་དེས། ལྷོ་ཀོ་རི་ཡ་དང་དེའི་ཁུལ་གྱི་བདེ་འཇགས་ལ་ཉེན་ཁ་དང་། དེ་བཞིན་ཨ་རིའི་བདེ་འཇགས་ལ་ཡང་ཉེན་ཁ་ཡོད་པར་ངོས་འཛིན་ཐོག བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཉེས་ཆད་ཐེངས་མང་པོ་བཏང་ཡོད་ཁར། བྱང་ཀོ་རི་ཡའི་ཚོང་འབྲེལ་བྱ་ཡུལ་གྱི་རྒྱལ་ཁབ་གཙོ་བོ་རྒྱ་ནག་ལ་ཡང་དེ་ལྟར་བྱེད་དགོས་པའི་གནོན་ཤུགས་སྤྲད་པ་དང་སྐྱོན་བརྗོད་མང་པོ་བྱས་ཡོད་པས། ཟླ་༢ པའི་ཚེས་༡༩ ཉིན་ནས་རྒྱ་ནག་གིས་བྱང་ཀོ་རི་ཡ་ནས་རྡོ་སོལ་ནང་འདྲེན་བྱ་རྒྱུ་ལོ་མཇུག་བར་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད་དེ།  བྱང་ཀོ་རི་ཡས་མུ་མཐུད་ནས་མཚོན་ཆ་བཟོ་སྐྲུན་དང་ཚོད་ལྟ་བྱེད་ཀྱི་ཡོད་པ་རེད། ཉེ་ཆར་ཨ་རིས་ཀོ་རི་ཡའི་མཚོ་ཁུལ་དུ་གནམ་དམག་འཁྱེར་བྱེད་ཀྱི་གྲུ་གཟིངས་དང་དམག་གི་གྲུ་གཟིངས་སོགས་བཏང་ཡོད་པས། བྱང་ཀོ་རི་ཡས་དེའི་རྒོལ་ལན་ཆེད་མཚོན་ཆ་ཚོད་ལྟ་བྱས་ཡོད་པ་རེད། དེ་བཞིན་ད་ལྟའི་ཆར་ཕྱོགས་གཉིས་ཀས་ཕན་ཚུན་སྡིགས་ར་སྐུལ་རེས་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||