བོད་ཀྱི་ཆབ་སྲིད་བཙོན་པ་གངས་སྐྱེས་སྒྲུབ་པ་སྐྱབས་གློད་གྲོལ།

ཟླ་འདིའི་ཚེས་༡༦ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་དང་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་རྒྱ་ནག་གཞུང་གི་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་པ་དང་། ནང་མི་ཉེ་འབྲེལ་དང་མི་མང་གིས་དགའ་བསུའི་སྣེ་ལེན་གྲ་སྒྲིག་བྱས་ཡོད་པ་རེད།

dubpa_3
བོད་འབྱོར་པར།

དེ་ཡང་ཕྱི་ལོ་༢༠༡༢ ཟླ་༢ པའི་ནང་བོད་མདོ་ཁམས་གསེར་རྟ་རྫོང་གེ་འཕེན་སྡེ་བ་ནས་ཡིན་པའི་ན་གཞོན་རྩོམ་པ་པོ་དང་། དགེ་རྒན་གྱི་ལས་ཀ་བྱེད་མཁན་གངས་སྐྱེས་སྒྲུབ་པ་སྐྱབས་རྒྱ་གཞུང་གི་འབྲེལ་ཡོད་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། སྐབས་དེར་འབྲེལ་ཡོད་ཚོས་གནས་ཚུལ་ཕྱི་ལ་མ་བཀྲམ་པར་ནང་ཁུལ་ནས་གློད་གྲོལ་ཡོང་ཐབས་བྱས་ཡོད་ཀྱང་། གནས་ཚུལ་ཕྱི་ཕྱོགས་ནས་དྲིལ་བསྒྲགས་ཤོར་ཡོད་པ་རེད།
༢༠༡༣ ལོའི་ཕྱི་ཟླ་༨ ཚེས་༡ ཉིན་བསམ་འགྲུབ་དང་། སྒྲུབ་པ་སྐྱབས། ཤེལ་རྒྱལ། དྲན་གསལ། གཡུ་སྦྲང་བཅས་ལ་རྒྱ་གཞུང་གིས་“དམར་ཤོག་རྒོལ་ལན་ཚོགས་པ་”ཞེས་པའི་ཚོགས་ པ་དེའི་ཚོགས་མི་ཡིན་པ་དང་། བོད་དོན་ལས་འགུལ་སྣེ་མང་སྤེལ་བའི་ཉེས་མིང་འོག དཀར་མཛེས་ཁུལ། ཉག་ཆུ་རྫོང་ཁྲིམས་ཁང་ནས་བཙོན་འཇུག་གི་ཁྲིམས་ཐག་བཅད། ཁྲིམས་ཆད་དུས་ཡུན་གངས་སྐྱེས་སྒྲུབ་པ་སྐྱབས་ལ། (ཁྲིམས་ཆད་ལོ་༥ དང་ཟླ་༦) བསམ་འགྲུབ། (ཁྲིམས་ཆད་ལོ་༥) གཡུ་སྦྲང་། (ཁྲིམས་ཆད་ལོ་༢)  དྲན་གསལ། (ཁྲིམས་ཆད་ལོ་༣)  ཤེལ་རྒྱལ་(ཁྲིམས་ཆད་ལོ་༢) བཅས་ཡིན་པ་དང་། ཁོང་ཚོ་ཚང་མ་གསེར་རྟ་རྫོང་ཁོངས་ཀྱི་མི་ཡིན་འདུག་ལ་རིམ་པས་གློད་གྲོལ་བཏང་ཟིན་ཡོད་པ་རེད།

431429_10150616946804802_618229801_9016098_1545020720_nསྒྲུབ་པ་སྐྱབས་ནི་ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་། རགས་བཀྲམ་ཡུལ་ཚོ། གེ་འཕེན་སྡེ་པ་ནས་ཡིན་པ་དང་། རགས་བཀྲམ་ཡུལ་ཚོའི་སློབ་ཆུང་དང་། གསེར་རྟ་རྫོང་སློབ་འབྲིང། དཀར་མཛེས་རྫོང་དུ་ཡོད་པའི་དགེ་འོས་སློབ་གྲྭ་རུ་སློབ་ཐོན་བྱུང་རྗེས། བརྡར་ཚང་དང་། ཧོར་ཤུལ་ཡུལ་ཚོ་གཉིས་ཀྱི་སློབ་གྲྭ་རུ་སྔ་རྗེས་དགེ་རྒན་དང། ཁོང་འཛིན་བཟུང་སྐབས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲག་མགོ་རྫོང་ཁོངས་སུ་གསར་འཛུགས་གནང་བའི་སློབ་གྲྭ་ཞིག་ཏུ་དགེ་རྒན་གྱི་ལས་ཀ་བྱས་ཡོད་པ་རེད། ཁོང་གིས་ལས་ཞོར་དུ་རྩོམ་ཡིག་མང་པོ་བྲིས་ཡོད་པ་དང་། ཁོང་སྒེར་ངོས་ནས་བྲིས་པའི་རྩོམ་ཡིག་དེབ་ཁག་ཅིག་ཀྱང་འགྲེམས་སྤེལ་བྱས་ཡོད་འདུག རྩོམ་ཡིག་“གྲོང་ཁྱེར་དང་བོད་མིའི་ཟུར་སྣེ་ཞིག”ཅེས་པའི་བོད་མིའི་གྲོང་ཁྱེར་ནང་འཚོ་བ་སྐྱེལ་སྟངས་སྐོར་དང།  “༧ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་ཡོན་ཏན་གྱི་ཟུར་ཙམ་ལ་བསྔགས་པ་དྲི་མེད་དར་དཀར་རིང་མོ།”ཞེས་པའི་སྙན་ངག “ཁ་བའི་ཁྲོད་ཀྱི་རྣམ་ཤེས།”སོགས་བོད་མིའི་བདེ་སྡུག་སྐོར་གྱི་སྙན་ངག་སོགས་རྩོམ་ཡིག་མང་པོ་འདུག་ལ། དེ་བཞིན་<<ལས་དབང་གི་རྒྱང་འབོད།>> <<ལོ་ཟླའི་ཁ་མདོག>> <<དུས་རབས་ཀྱི་ན་ཟུག>> <<དེ་རིང་གི་མིག་ཆུ།>> ཞེས་པ་སོགས་ཡོད་འདུག
༢༠༠༨ལོར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས་ཀྱི་གནས་ཚུལ་<<ས་བྱི་ཁྲག་བྲིས་དམར་པོ་>>ཞེས་པའི་དཔེ་དེབ་ཅིག་ཀྱང་བཏོན་ནས་བཙན་བྱོལ་ནང་པར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང་། དེབ་དེའི་རྒྱབ་ངོས་སུ་རྩོམ་པ་པོས་བྲིས་པའི་སྙན་ངག་ཅིག་འཁོད་འདུག དེ་ཡང་། འདི་ནི་རང་དབང་དང་འདྲ་མཉམ་གྱི་ཆེད་དུ་མི་ཡུལ་ལ་ཕུལ་བའི་བདེན་པའི་ཨུ་ཚུགས། འདི་ནི་རང་བཙན་དང་རྒྱལ་ཁ་ཡི་ཆེད་དུ་ས་ཆེན་ལ་བསླངས་པའི་སྙིང་སྟོབས་གསོན་པོ། མདོར་ན་བོད་པ་ཚང་གི་སྙིང་གསོན་པོས་མི་སེམས་ལ་བྲིས་པའི་ལོ་རྒྱུས་ངོ་མ་ཞེས་འཁོད་ཡོད་པ་རེད།
dubpa_1༢༠༡༦ ལོའི་ཕྱི་ཟླ་༩ ཚེ་༡༦ ཉིན་ཁོང་རྒྱ་ནག་གཞུང་གི་བཙོན་ཁང་ར་རྔ་ཁ་ནས་གློད་གྲོལ་བཏང་བར། ནང་མི་ཉེ་འབྲེལ་དང་མི་མང་གིས་དགའ་བསུའི་སྣེ་ལེན་བྱས་ཡོད་པ་དང་། གཟུགས་པོའི་གནས་སྟངས་སོགས་ག་འདྲ་ཡིན་ཤེས་རྟོགས་ཐུབ་མ་སོང་། ཁྲིམས་ཆད་ཀྱི་དུས་ཡུན་ཅུང་ཉུང་དུ་བཏང་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||