བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་ཐབས་ཀྱི་ཚོགས་ཆེན་ཐོག་རྒྱ་ནག་མེད་པ་རེད་འདུག

ཁེ་ན་ཌར་རྒྱལ་ཁབ་ཁག་ཅིག་གི་ཕྱི་སྲིད་བློན་ཆེན་རྣམས་འཛོམས་ནས། རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་དང་འབྲེལ་བའི་ཐོག་ནས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་ཐབས་ཀྱི་ཚོགས་ཆེན་ཞིག་འཚོག་རྒྱུ་ཡིན་འདུག་ཀྱང་། དེར་རྒྱ་ནག་དང་ཨུ་རུ་སུ་གཉིས་མེད་འདུག

ཟླ་འདིའི་ཕྱི་ཚེས་༡༥ ཉིན་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁེ་ན་ཌ་དང་ཨ་རི་གཉིས་མཉམ་འབྲེལ་གྱིས་མཐུན་སྦྱོར་འོག ཟླ་འདིའི་ཕྱི་ཚེས་༡༦ ཉིན་ཁེ་ན་ཌའི་གྲོང་ཁྱེར་ཝེན་ཀུ་ཝོར་(Vancouver)དུ། རྒྱལ་ཁབ་༢༠ ཡི་ཕྱི་སྲིད་བློན་ཆེན་རྣམས་ལྷན་འཛོམས་ཀྱིས་ཚོགས་འདུ་ཞིག་འཚོགས་ནས། ཕྱི་འབྲེལ་དང་དཔལ་འབྱོར་གྱི་གནོན་ཤུགས་བརྒྱུད་བྱང་ཀོ་རི་ཡའི་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་ཇི་ལྟར་བཀག་འགོག་བྱེད་དགོས་མིན་གྱི་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན་འདུག

ཝེན་ཀུ་ཝོར་གྱི་ཚོགས་འདུའི་ནང་མཉམ་ཞུགས་གནང་མཁན་རྣམས་ནི། ཕྱི་ལོ་༡༩༥༠ ནས་ ༡༩༥༣ བར་ཀོ་རི་ཡ་ལྷོ་བྱང་གཉིས་བར་དམག་འཁྲུག་སྐབས། དཔུང་དམག་གཏོང་མཁན་གྱི་རྒྱལ་ཁབ་རྣམས་ཡིན་འདུག་ཅིང་། སྐབས་དེར་རྒྱ་ནག་བྱང་ཀོ་རིའི་ཕྱོགས་སུ་ལངས་ནས་དམག་འཁྲུག་བརྒྱབ་ཡོད་པ་དང་། ད་ལྟའི་ཚོགས་འདུ་འདིར་རྒྱ་ནག་གིས་སྐྱོན་བརྗོད་བྱས་ཡོད་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཇུས་འགོད་ཚན་པའི་འགན་འཛིན་བྷི་རན་ཧུ་ཀིས། བྱང་ཀོ་རི་ཡར་དཔལ་འབྱོར་གྱི་ཉེས་ཆད་བཅད་པ་དེ། གནོན་ཤུགས་ཚོར་གྱི་ཡོད་པའི་དཔང་རྟགས་གསལ་དུ་འགྲོ་ཡི་ཡོད་སྐོར་དང་། ཚོགས་བཅར་བ་རྣམས་ནས་དཔལ་འབྱོར་གྱི་ཉེས་ཆད་ལ་རྒྱབ་གཏོད་ཀྱིས་བྱང་ཀོ་རི་ཡར་གྲུ་གཟིངས་གཏོང་བ་དང་། དངུལ་གྱི་རོགས་སྐྱོར་སྤྲོད་པ། ཐོན་ཁུངས་ཀྱི་མཐུན་སྦྱོར་བྱས་པ་བཅས་འགོག་ཐབས་སུ། བྱང་ཀོ་རི་ཡའི་མཐའ་འཁོར་གྱི་མཚོ་ཐོག་སྐྱེལ་འདྲེན་གྱི་ཉེན་སྲུང་གཞི་རྒྱ་ཆེ་རུ་ག་འདྲ་གཏོང་མིན་ཐད་བརྟག་དཔྱད་བྱ་རྒྱུ་ཡིན་སྐོར་བཅས་བརྗོད་ཡོད་འདུག

འོན་ཀྱང་བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཇོང་ཨུན་གྱིས་ཨ་རིའི་དགོས་འདུན་བཞིན་བྱ་རྒྱུའི་འདོད་པ་ཡོད་པའམ། ཁོ་རང་གི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཕྱིར་ཆེས་གལ་གནད་ཅན་དུ་ཚོར་བའི་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་མཚམས་འཇོག་གི་ཐད་གྲོས་མོལ་བྱ་རྒྱུའི་རྣམ་འགྱུར་གང་ཡང་བསྟན་མེད་འདུག

ད་ཐེངས་ཝེན་ཀུ་ཝོར་གྱི་ཚོགས་འདུ་འདིར་དཀའ་ངལ་འཐོལ་པ་ཞིག་བྱུང་བ་དེ་ནི། བྱང་ཀོ་རི་ཡར་གནོན་ཤུགས་སྤྲད་པར་རྒྱ་ནག་གལ་ཆེན་པོ་ཆགས་མིན་ལ་མ་ལྟོས་པར་ཚོགས་འདུའི་ནང་རྒྱ་ནག་མེད་པ་དེ་ཡིན་འདུག་ཅིང་།  རྒྱ་ནག་ནི་བྱང་ཀོ་རི་ཡའི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་གཅིག་པུ་དེ་ཡིན་པ་མ་ཟད། ཚོང་ཤག་གཙོ་བོ་དེ་ཡང་ཆགས་ཀྱི་ཡོད་འདུག

ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་ནས་བྱང་ཀོ་རི་ཡར་སྣུམ་སྐྱེལ་འདྲེན་བྱེད་བཞིན་ཡོད་སྐོར་བརྗོད་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་ཀྱང་། རྒྱ་ནག་གིས་དེར་ངོས་ལེན་བྱས་མེད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||