མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད།

ལྡིའི་ནེ་ཧ་རུ་གཙུག་ལག་སློབ་གཉེར་ཁང་དུ་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་ཐེངས་བཞི་པའི་ཐོག ཀེ་ན་ཊའི་ཀོ་ལིམ་སྦི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་(University of British Columbia) དགེ་རྒན་ཆེན་མོ་མཁས་དབང་ཚེ་རིང་ཤཀྱཱ་ཡིས། མཁས་དབང་ཟླ་བ་ནོར་བུའི་མི་ཚེ་དང་འབྲེལ་ནས། ཁོང་གི་གསར་འགོད་རིག་པ་དང་ཤེས་ཡོན་པའི་འགན་འཁྲི། དེབ་སྐར་ལྔའི་དར་དམར་འོག་གི་བོད་ (Red Star over Tibet) དང་དེའི་ནང་དོན། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས། ད་དུང་ཁོང་གི་ཞིབ་འཇུག་གི་ཐབས་ལམ་སོགས་གཙོ་བོ་བརྗོད་གཞི་བཞི་ཐོག་གཏམ་བཤད་གནང་ཡོད་པ་རེད།

གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་ས་གནས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༩ ཉིན་གྱི་ཞོགས་པའི་ཚོུད་བཅུ་དང་ཕྱེད་ཀ་ཙམ་ལ། ནེ་ཧ་རུ་མཐོ་སློབ་ཀྱི་སྤྱི་ཚོགས་ཚན་རིག་གི་ཚོགས་ཁང་ནང་དུ། ནེ་རུ་བོད་དོན་གླེང་སྟེགས་(Tibet Forum-JNU) ཀྱི་གོ་སྒྲིག་འོག མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་(4th Prof. Dawa Norbu Memorial Lecture) ཐེངས་བཞི་པ་དངོས་སུ་འགོ་འཛུགས་པ་དང་། མཛད་སྒོའི་ཐོག་ཐེངས་འདིའི་གཏམ་བཤད་གནང་མཁན་གཙོ་བོ་མཁས་དབང་ཚེ་རིང་ཤཀྱཱ་དང་། ནེ་རུ་མཐོ་སློབ་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་ཚན་པའི་དགེ་རྒན་ཆེན་མོ་ཡེ་ཤེས་ཆོས་སྒྲོན། གཞན་བོད་རིགས་སློབ་མ་དང་དགེ་རྒན། སྤྱི་ཚོགས་ནང་དོན་གཉེར་ཅན་གྱི་མི་༡༠༠ ཙམ་གྱིས་ཚོགས་འདུར་མཉམ་ཞུགས་བྱས།

སྐབས་དེར་ནེ་རུ་བོད་དོན་གླེང་སྟེགས་ཀྱི་ཚོགས་མི་རྒྱལ་མཚན་གྱིས། མཛད་སྒོའི་ངོ་སྤྲོད་གྱི་གཏམ་བཤད་གནང་དོན་ “ངས་མཁས་དབང་དམ་པ་ཟླ་བ་ནོར་བུའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན། ཁོང་ནི་བོད་ཀྱི་སྤྱི་ཚོགས་ཚན་རིག་པ་གྲགས་ཅན་ཞིག་ཆགས་ཡོད་ལ། ཁོང་གིས་བརྩམས་གནང་བའི་དཔེ་ཆ་དཔེར་ན། སྐར་ལྔའི་དར་དམར་འོག་གི་བོད་དང་།  (Red Start Over Tibet ) རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས། (China’s Tibet Policy ) འཛམ་གླིང་གསུམ་པའི་མི་རིགས་རིང་ལུགས་ཀྱི་རིག་གནས་དང་ཆབ་སྲིད། (Culture and Politics of Third World Nationalism ) (འདིར་འཛམ་གླིང་གསུམ་པ་ཞེས་པ་གྲང་དམག་གི་དུས་སུ། མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ལ་རྒྱབ་སྐྱོར་མི་བྱེད་མཁན་གྱི་རྒྱལ་ཁབ་ཅིག་གོ་དགོས་ལ། དེང་གི་དུས་སུ་ཡར་རྒྱས་འགྲོ་བཞིན་པའི་གླིང་ཕྲན་ཨ་ཧྥི་རི་ཀ་དང་ཨེ་ཤ་ཡ་སོགས་ལ་གོ་དགོས།)  སོགས་ཀྱི་བརྒྱུད་བོད་ཀྱི་གནས་འབབ་དང་སྤྱི་ཚོགས་ལ་དཔྱད་ཞིབ་མཐིལ་ཕྱིན་པ་བྱས་ཡོད།”  ཅེས་བརྗོད་པ་དང་། སྤྱིར་བཏང་ང་ཚོས་༢༠༡༥ ནས་བཟུང་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཚོགས་འདུ་གོ་སྒྲིག་ཞུས་ཡོད་ནའང་། འདས་པའི་ཚོགས་འདུ་གོང་མ་གསུམ་གྱི་ནང་དོན་དང་སྒྲོམ་གཞི་ལ། སློབ་མ་སྤྱི་མོས་ཀྱི་གྲོས་ཆོད་ལྟར། ད་ལོ་ནས་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་(Prof. Dawa Norbu Memorial Lecture) གོ་སྒྲིག་ཞུ་རྒྱུ་གཏན་འཁེལ་ཡོད་པ་དང་། དམིགས་ཡུལ་གཙོ་བོ་ནི། མཁས་དབང་ཁོང་གི་བོད་དོན་དང་འབྲེལ་བའི་ཞིབ་འཇུག་རྩོམ་ཡིག་རྣམས་ལ་གྲོས་བསྡུར་བྱ་རྒྱུ་ཙམ་ཞིག་མ་ཡིན་པར། བོད་དང་འབྲེལ་བའི་ལྟ་ཚུལ་གསར་བ་རྣམས་ལ་ཞིབ་འཇུག་གི་ངོ་བོ་ཐོག་ནས གང་དེའི་ཆབ་སྲིད་དང་སྤྱི་ཚོགས། འཁོར་ཡུག ད་དུང་རིག་གཞུང་སོགས་ལ་དཔྱད་ཞིབ་བྱུ་རྒྱུའི་དམིགས་ཡུལ་གཙོ་བོ་བཟུང་ཡོད་” ཅེས་བརྗོད་སོང་།

དེ་ནས་ཐེངས་འདིའི་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་གནང་མཁན་གཙོ་བོ། མཁས་དབང་ཚེ་རིང་ཤཀྱཱས། མཁས་དབང་ཟླ་བ་ནོར་བུའི་སྐུ་པར་གྱི་མདུན་དུ་མར་མེ་ཞལ་འབྱེད་གནང་རྗེས་གསུངས་དོན། “དེ་རིང་ཚོགས་ཁང་འདི་ནང་བོད་རིགས་སློབ་མ་མང་པོ་ཞིག་སླེབས་འདུག་པས། ངས་བོད་སྐད་ཐོག་ཚིག་ཁ་ཤས་བཤད་ན་བསམ་སོང་། སྤྱིར་བཏང་ནས་ཟླ་བ་ལགས་ངའི་གྲོགས་པོ་རྙིང་པ་ཞིག་ཡིན་པའི་ཆ་ནས། ཁོང་གི་སྐོར་ག་དུས་བཤད་ན་ཡང་། ང་ལ་སེམས་ཚོར་ཆེན་པོ་ཞིག་ཡོང་གིན་འདུག ང་རང་ཁོང་ཐོག་མར་མཇལ་དུས། ལོ་ ༡༣ ཡས་མས་ཙམ་ཞིག་ཡིན་ལ། སྐབས་དེ་དུས་ཁོང་(Jorbagh) ལ་ཡོད་པའི་བོད་གནས་བསྐྱར་ཞིབ་ (Tibetan Review) ནང་ལས་ཀ་བྱེད་ཀྱིན་ཡོད་ལ། ཐེངས་གཉིས་པ་ ༡༩༨༢ ཙམ་ཞིག་ལ་ང་རང་སློབ་གྲྭ་ཐོན་ནས། མཐོ་སློབ་ལ་འགྲོ་དུས། ཁོང་འབུམ་རམས་པ་ཐོན་ཚར་འདུག རྗེས་སོར་ང་རང་ (SOAS) ལ་ཡོད་དུས། ཁོང་དང་ལྷན་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། ཤེས་ཡོན་ཅན་གྱི་འགན་འཁྲི་སོགས་བརྗོད་གཞི་འདྲ་མིན་ཐོག་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་། དེ་རིང་ངའི་གཏམ་བཤད་ནང་།ཁོང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས་གཙོ་བོ་དོན་ཚན་བཞི་ཙམ་ཞིག་བཤད་རྒྱུ་ཡིན། འདི་ནི་ཁོང་གི་གསར་འགོད་རིག་པ་དང་ཤེས་ཡོན་པའི་འགན་འཁྲི། དེབ་སྐར་ལྔའི་དར་དམར་འོག་གི་བོད་ (Red Star over Tibet) དང་དེའི་ནང་དོན། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས། ད་དུང་ཁོང་གི་ཞིབ་འཇུག་གི་ཐབས་ལམ་སོགས་ཡིན་”ཞེས་གསུངས་སོང་།

ཁོང་གིས་མུ་མཐུད་གསུང་དོན། “ སྐབས་དེ་དུས་བོད་པའི་སྤྱི་ཚོགས་ནང་མི་ཕལ་ཆེ་བ་ཞིག་གིས་ཟླ་བ་ལགས་བོད་གནས་བསྐྱར་ཞིབ་ནང་ལས་ཀ་བྱེད་ཀྱིན་ཡོད་པ་ཤེས་ཀྱིན་ཡོད་ལ། ཁོང་གིས་དུས་དེབ་འདིའི་རྩོམ་སྒྲིག་པ་གནང་ནས་། དྲང་པོའི་ཐོག་ནས་སྤྱི་ཚོགས་ལ་དཔྱད་ཞིབ་བྱ་རྒྱུའི་སྡིངས་ཆ་ཞིག་བསྐྲུན་ཡོད་ལ། སྐབས་དེར་བོད་གནས་བསྐྱར་ཞིབ་ནི། བོད་དང་རྒྱལ་སྤྱིའི་གནས་ཚུལ་མཁོ་སྤྲོད་བྱེད་སའི་བསྟི་གནས་གལ་ཆེན་ཞིག་ཀྱང་ཆགས་ཡོད། ད་ལྟ་ཁྱེདཚོས་བོད་རིགས་གཞོན་སྐྱེས་ཚོས་སྐབས་དེའི་བོད་གནས་བསྐྱར་ཞིབ་ནང་བྲིས་པའི་རྩོམ་འདི་དག་བལྟས་ན་གསལ་པོ་ཞིག་ཧ་གོ་ཐུབ། གཉིས་པ་ཁོང་སྐུ་འཚོ་བཞུགས་སྐབས། བཙན་བྱོལ་སྤྱི་ཚོགས་ནང་དེ་ཙམ་གྱི་དོ་སྣང་བྱས་མེད་པ་དང་། ད་ལྟ་ང་ཚོས་ཁོང་ལ་རྗེས་དྲན་དང་ཁོང་གི་ལྟ་ཚུལ་རྣམས་ལ་རྒྱབ་སྐྱོར་བྱེད་དུས། གནས་ཚུལ་གསལ་པོ་ཞིག་ག་རེ་ཤེས་ཐུབ་ཀྱི་རེད་ཟེར་ན། བོད་པ་རྣམས་མ་གཞི་ནས། མི་གསོན་པོར་བསྡད་དུས་ཚོར་བ་གང་ཡང་མེད་པ་དང་། ཤི་དུས་གཞི་ནས་དྲན་གྱིན་ཡོད་པ་འདི་ནི་ངོ་མ་ཁྱད་མཚར་བོ་རེད། དེར་བརྟེན་ཁོང་འདས་གྲོངས་སུ་ཕྱིན་དགོས་པའི་རྒྱུ་རྐྱེན་གཅིག་ནི། སྐབས་དེར་བཙན་བྱོལ་ནང་ཡོད་པའི་བོད་པ་ཚོས། ཁོང་སྤྱི་ཚོགས་ནས་ཕྱིར་འབུད་ (Social Ostracism) བྱ་རྒྱུའི་བྱེད་སྟངས་དེ་ཚོར་ཐུག་བསྡད་ཡོད།” ཅེས་གསུངས་སོང་། ཡང་ཁོང་གིས་མཁས་དབང་འདས་པོ་ཁོང་གིས་བརྩམས་པའི་དེབ་དང་། བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་སྟངས། ཤེས་ཡོན་པའི་འགན་འཁྲི་སོགས་བརྗོད་གཞི་འདྲ་མིན་ཐོག་གྲོས་བསྡར་བྱས་ནས། མཐའ་མར་འདིར་འཛོམས་པའི་བོད་རིགས་གཞོན་སྐྱེས་ཚང་མར་ཁོང་གིས་ “གལ་ཏེ་ང་ཚོས་དངོས་གནས་མཁས་དབང་ཁོང་ལ་རྗེས་དྲན་ཞུ་ཡི་ཡིན་ན། ཁོང་གིས་བརྩམས་པའི་བརྩམས་ཆོས་རྣམས་ལ་སློབ་སྦྱོང་བྱས་ནས། བོད་དོན་དང་འབྲེལ་བའི་གནས་ཚུལ་གང་འདྲ་ཞིག་ཡིན་ནའང་། དྲང་པོའི་ཐོག་ནས་བཤད་ཕོད་པ་དང་དཔྱད་ཞིབ་བྱེད་དགོས་པའི་ལམ་སྟོན་གནང་སོང་།

དེ་རྗེས་ཉིན་རྒྱབ་བོད་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་གཞོན་སྐྱེས་ཉམས་ཞིབ་པ་གསུམ་གྱིས་རྩོམ་ཡིག་སྒྲོག་སྦྱངས་བྱས་ཡོད་པ་དང་། མཛད་སྒོའི་གསོལ་ཇའི་བར་གསེང་དུ། ད་ལན་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཏམ་བཤད་ལ་མཉམ་ཞུགས་གནང་མཁན་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ནུབ་ཕྱོགས་པའི་རྩོམ་རིག་སྒྱུ་རྩལ་ཐོག་གཙུག་ལག་རབ་འབྱམས་པ་བྱེད་བཞིན་པའི་བློ་ལྡན་ཕུན་ཚོགས་ལ། ཚོགས་འདུ་འདི་དང་འབྲེལ་བའི་ཐོག་སྒེར་གྱི་བསམ་ཚུལ་གང་ཡོད་བཅར་འདྲི་བྱས་དུས། ཁོང་གིས། “སྤྱིར་ཚོགས་འདུ་སྔོན་མ་དང་བསྡུར་ན། ད་ལན་གྱི་གཏམ་བཤད་གནང་མཁན་བརྗོད་གཞི་དང་འབྲེལ་བ་དམ་ཟམ་ཡོད་པ་ཞིག་ཆགས་འདུག་ལ། ང་རང་ངོས་ནས་བཤད་ན། ང་ཚོས་དམིགས་བསལ་བོད་མིའི་ངོ་བོ་(Tibetan Identity) སྒང་སྐད་ཆ་བཤད་དུས། སོ་སོའི་སློབ་གྲྭར་སྦྱངས་པའི་བོད་དང་འབྲེལ་བའི་གནས་ཚུལ་ཙམ་ཞིག་མ་ཡིན་པར། ཕྱོགས་ཡོངས་ནས་དཔྱད་ཞིབ་བྱ་རྒྱུ་དེ་བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་ཚོའི་འོས་འགན་གལ་ཆེན་ཞིག་མཐོང་གིན་འདུག ” ཅེས་བརྗོད་སོང་། དེ་ནས་ཨོ་པི་ཇིན་རྡལ་སློབ་ཆེན་(O.P. Jindal University) ལ་སློབ་གཉེར་བྱེད་བཞིན་པའི་བསོད་ནམས་ཚེ་རིང་ལ། ཚོགས་འདུ་གོ་སྒྲིག་བྱེད་སྟངས་སྐོར་བསམ་ཚུལ་དྲིས་དུས། ཁོང་གིས་ “ དེ་རིང་གཏམ་བཤད་གནང་མཁན་མཁས་དབང་ཚེ་རིང་ཤཀྱཱ་ལགས་ཡིན་དུས། ནམ་རྒྱུན་གཞུང་འཛིན་དཔོན་རིགས་ཚོས་སྐད་ཆ་བཤད་པ་ལྟ་བུ་མ་ཡིན་པར། བོད་དང་འབྲེལ་བའི་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་ཐུབ་པ་བྱུང་སོང་ལ། ང་ཚོས་གཞོན་སྐྱེས་ཤེས་ཡོན་ཅན་ཚོས་ངོས་ནས་ཀྱང་། སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་གང་ཞིག་ཡིན་ནའང་། དྲང་པོའི་ཐོག་ནས་དཔྱད་ཞིབ་བྱ་དགོས་པ་དེ་གལ་ཆེན་པོ་ཡིན་པའི་ཚོར་སྣང་བྱུང་སོང་” ཞེས་བརྗོད་སོང་། །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||