རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་རྩ་བ་ནས་གཅོད་ཐབས་བྱེད་པ།

ཟླ་འདིའི་ཚེས་༥ ཉིན་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ།  བཀའ་སྤྱི་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། རྒྱ་ནག་གིས་གསེར་རྟ་བླ་རུང་སྒར་གཏོར་བཞིན་པ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

_mg_7360བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་“གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དེ་ནི་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་གནང་ཡུལ་ལྟེ་གནས་གལ་ཆེན་ཞིག་ཙམ་མ་ཟད་བོད་ཀྱི་སྐད་ཡིག་དང་། ལེགས་བྱང། ཆོས་རིག་སྲུང་སྐྱོབ་བྱེད་སའི་རྒྱལ་སྤྱིའི་ལྟེ་གནས་ཤིག་ཀྱང་ཡིན་པར་བརྟེན། དེ་སྲུང་སྐྱོབ་བྱེད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེན་པོ་ཡིན། རྒྱ་གཞུང་གིས་བླ་རུང་སྒར་ནང་བསྟན་སློབ་གླིང་བཙན་དབང་གིས་གཏོར་བཤིག་བྱེད་པ་འདི་གཞི་རྩའི་རང་དབང་དང་ཐོབ་ཐང་ལ་བརྡལ་བཤིག་གཏོང་བཞིན་པ་གསལ་པོ་རེད།” ཅེས་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེས་ “བླ་རུང་སྒར་དང་ཡ་ཆེན་སྒར་གྱི་ཐོག་འབྱུང་བཞིན་པ་དེ་དག་ནི་རིག་གནས་གསར་བརྗེའི་གནས་སྐབས་དྲན་གསོ་སློང་བ་དང་། བོད་ཀྱི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་རྩ་གཏོར་གྱིས་གྲྭ་པའི་ཁ་གྲངས་སྟོང་ཕྲག་འགའ་ཤས་ནས་བརྒྱ་སྐོར་ཁ་ཤས་བར་ཉུང་འཕྲི་བྱས་པ་བཞིན་དེང་སྐབས་བོད་ཁྱོན་ཡོངས་ཀྱི་དགོན་པ་དང་བཤད་གྲྭ་ཁག་གི་གནས་སྟངས་ཀྱང་དེ་ལྟ་བུའི་ཡ་ང་བ་ཆགས་མི་སྲིད་པའི་ངེས་པ་མི་འདུག” ཅེས་གསུངས་སོང་།

དེ་ཡང་གསར་འགོད་ལྷན་ཚོགས་ཐོག་ཕྱི་དྲིལ་སྒྲ་བརྙན་ཚན་པས་ཕྱོགས་བསྒྲིགས་ཞུས་པའི་༼བླ་རུང་སྒར་ལ་གདུང་སེམས་མཉམ་སྐྱེད་ཡོད།༽ ཅེས་པའི་བླ་རུང་སྒར་རྒྱ་ནག་གིས་གཏོར་བཤིག་སྐོར་ལ་སྐར་མ་བདུན་ཅན་གྱི་བརྙན་འཕྲིན་གཟིགས་འབུལ་དང་འགྲེམས་སྤེལ་བྱས་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་འཁོད་དོན། “ཛ་དྲག་གནས་སྟངས་འདིའི་ཐོག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་ནས་འཕྲལ་དུ་ཐུགས་འཁུར་ཕྱག་བཞེས་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན་དང་། ད་བར་གྲྭ་ཤག་༡༥༠༠ ཙམ་གཏོར་བཤིག་དང་གྲྭ་བཙུན་༤༦༠༠ ཙམ་ཕྱིར་འབུད་བཏང་འདུག རྒྱ་གཞུང་གིས་བཙན་དབང་དང་སུན་གཙེར་གྱི་བྱེད་བབ་དེར་ངོ་རྒོལ་དང་འདོད་མོས་མེད་པ་གསལ་འདོན་བྱ་ཆེད་བཙུན་མ་རིག་འཛིན་སྒྲོལ་མ་དང་། ཚེ་རིང་སྒྲོལ་མ། སེམས་དགའ་གསུམ་ནས་རང་སྲོག་འདོར་དགོས་བྱུང་ཡོད་པའི་ཐོག་སྐུ་ངལ་ཇི་འཕྲད་ཡིག་ཐོག་ཏུའང་འགོད་འཇོག་གནང་ཡོད། རྒྱ་གཞུང་ནས་གནས་ཚུལ་བརྒྱུད་ལམ་ཁག་བཀག་འགོག་བྱས་མིན་ལ་མ་ལྟོས་པར་གྲྭ་བཙུན་བཙན་དབང་གིས་ཕྱིར་འབུད་བྱེད་པའི་བརྙན་པར་རིགས་ཕྱི་ཕྱོགས་སུ་འབྱོར་བཞིན་ཡོད་པ་མཐོང་སྐབས་ཡ་ང་སྙིང་རྗེའི་གནས་སུ་གྱར་དགོས་ཀྱི་གནས་སྟངས་ལས་མ་འདས། དེས་མ་ཚད་ད་དུང་ཕྱིར་འབུད་བཏང་བའི་བཙུན་མ་འགར་འདོད་པ་མེད་བཞིན་དུ་རྫོང་སོ་སོར་ཟུར་དུ་བཀག་ཉར་གྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤེལ་བཞིན་འདུག་”ཅེས་འཁོད་འདུག

གསར་འགོད་གསལ་བསྒྲགས་དེའི་ནང་། “རིག་གནས་གསར་བརྗེ་ཆེན་པོ་ཟེར་བ་མཇུག་བསྒྲིལ་ནས་ལོ་ངོ་ ༤༠ ལྷག་འཁོར་གྱི་ཡོད་ནའང་། བོད་ནང་རིག་གནས་གསར་བརྗེ་ལྟ་བུའི་སྲིད་བྱུས་ད་དུང་མུ་མཐུད་ལག་བསྟར་བྱེད་བཞིན་འདུག་”ཅེས་དང་། ནིའུ་ཡོག་དུས་བབ་ནང་བླ་རུང་སྒར་གཏོར་བཤིག་གཏང་བའི་སྐོར་ལ། ‘རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་རྩ་བ་ནས་གཅོད་ཐབས་བྱེད་པ།’ ཞེས་འགོ་བརྗོད་འཁོད་པའི་གནས་ཚུལ་ཡང་སྤེལ་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་དེའི་ནང་འཁོད་དོན། “བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་ལ་བརྩི་སྲུང་གིས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གཏོར་བཤིག་གཏོང་མཚམས་འཇོག་དགོས་པ་ནན་བརྗོད་བྱེད་རྒྱུ་ཡིན། རྒྱལ་ཚོགས་ཀྱི་འདེམས་ཐོན་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནིའོ་གུ་ཊེརེས་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ། “ཐོབ་ཐང་མང་པོར་བརྩི་སྲུང་མི་བྱེད་པའི་འཛམ་གླིང་གི་རྒྱལ་ཁབ་མང་པོ་འདུག་པ་དེ་དག་མི་ཡོང་ཆེད་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། སྤྱི་མང་ཐོབ་ཐང། དཔལ་འབྱོར་ཐོབ་ཐང་བཅས་མཉམ་མཐུན་བཟོ་གལ་ཆེན་པོ་འདུག” ཅེས་གསུང་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་ཉིད་འཆར་ལོའི་ཕྱི་ཟླ་ ༡ པོར་ལས་འཁུར་འགོ་འཛུགས་གནང་རྗེས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་གནད་དོན་གལ་འགངས་ཆེ་ཤོས་སུ་བརྩི་གནང་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན། དེ་བཞིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་པི་རིན་སི་ཛཱ་ཡི་དི་མཆོག་ནས་ཀྱང་བླ་རུང་སྒར་གྱི་གནད་དོན་ཐོག་ཛ་དྲག་གི་དོན་ཕན་ལྡན་པ་ཞིག་ཡོང་ཆེད་བོད་ནང་ཕེབས་རྒྱུའི་རེ་འདུན་འདོན་རྒྱུ་དང་། དེ་བཞིན་འཆར་ལོའི་ཕྱི་ཟླ་ ༣ པའི་ནང་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ པའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་གླེང་སློང་དགོས་པའི་འབོད་སྐུལ་ཡང་ཞུ་རྒྱུ་ཡིན་”ཞེས་འཁོད་ཡོད་པ་རེད།

ནང་ཆོས་སྲུང་སྐྱོབ་ (Safeguarding Buddhism) ནས་བརྩམས་པའི་ <<བླ་རུང་སྒར་ལ་རྒྱབ་སྐྱོར་ཡོང་བ་ (Stand with Larung Gar Now) ཞེས་པའི་མིང་བྱང་ཐོག་དྲ་ལམ་བརྒྱུད་ས་རྟགས་བསྡུ་རུབ་དྲ་ལམ་འདིའི་བརྒྱུད་(https://www.change.org/p/united-nations-human-rights-council-stand-with-larung-gar-now-world-s-largest-buddhist-monastery-home-to-10-000-facing-demolition) བྱེད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ལྷན་ཚོགས་ཐོག་ཕུལ་རྒྱུ་ཡིན་པ་རེད།

ཉེ་ཆར་བཙུན་མ་ཁག་ཅིག་ལ་རྒྱ་ནག་གི་དམག་ཆས་གཡོགས་ནས་རྒྱ་རིགས་དང་བོད་རིགས་ཕ་མ་གཅིག་གི་སྤུན་མཆེད་ཅེས་པའི་གཞས་བཏང་བཅུག་པ་རེད་ཅེས་པའི་བརྙན་ཞིག་སྤྱི་ཚོགས་འབྲེལ་མཐུད་ཁག་ཏུ་ཁྱབ་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་གནས་ཐོག་བརྙན་ནང་གི་མི་ཚོ་གསེར་རྟ་བླ་རུང་སྒར་གྱི་བཙུན་མ་ཕྱིར་བཏང་བ་ཚོ་ཡིན་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་རེད། འབྲེལ་ཡོད་ཁག་ཅིག་གིས་བརྙན་དེའི་ནང་གསེར་རྟ་སྒར་ནས་ཕྱིར་ཕུད་བཏང་བའི་བཙུན་མ་མེད་སྐོར་ཡང་འགྲེལ་བརྗོད་བྱས་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་དེའི་ཐོག་འདི་གའི་གསར་འགོད་པས་བརྙན་དེའི་ནང་བླ་རུང་སྒར་གྱི་བཙུན་མ་ཡོད་པའི་གནས་ཚུལ་སྤེལ་བ་ཁོངས་ལྡན་ཡིན་མིན་སྐོར་དྲིས་པར། སྲིད་སྐྱོང་བློ་བཟང་གེས། “བཙུན་མ་ལ་དམས་ཆས་གཡོག་ནས་གཞས་འཁྲབ་བཅུག་པ་དང་། གྲྭ་ཆས་གྱོན་ནས་གཞས་འཁྲབ་བཅུག་པའི་བརྙན་དེའི་ནང་ཡོད་པ་བླ་རུང་སྒར་དང་། ཡ་ཆེན་སྒར་ནས་རེད་ཅེས་ལབ་ཡོད་པ་མ་རེད་དེ། བོད་ནང་དུ་རིག་གནས་གསར་བརྗེ་བསྐྱར་གསོ་ལྟ་བུའི་ཉེན་ཁ་དང་སེམས་འཚབ་མཐོང་གི་འདུག བཙུན་མར་དམག་ཆས་གཡོགས་ནས་གུང་ཁྲན་ཏང་ལ་བསྟོད་གཞས་བཏང་བཅུག་པ་དང་། བཙུན་མར་སེར་ཆས་གཡོགས་ནས་རྒྱ་ནག་གི་གློག་བརྙན་གྱི་གཞས་འཁྲབ་བཅུག་པ་དེ་ཚད་ལས་བརྒལ་བའི་མནར་གཅོད་རེད། མཐོང་ཆུང་རེད། ཕལ་ཆེར་གློག་བརྙན་ནང་བཙུན་ཆས་གྱོན་ཡོད་པ་དེ་ས་གནས་ཀོང་པོ་དང་། གཞན་དེ་ནག་ཆུ་ས་གནས་ཡིན་པའི་གནས་ཚུལ་འདུག་ལ། དེ་ཚོ་ཡ་ཆེན་སྒར་དང་བླ་རུང་སྒར་གྱི་བཙུན་མ་མ་རེད་ཅེས་ལབ་ཐུབ་པ་ཡང་མི་འདུག ཉེ་ཆར་བརྙན་དེ་སླེབས་ཡོང་དུས་དེ་དང་འབྲེལ་བ་ཡོད་ས་རེད་བསམ་ནས་འགྲེམས་སྤེལ་བྱས་ཡོད། གང་ལྟར་དམག་ནས་གཞས་འཁྲབ་བཅུག་པ་ཚད་ལས་བརྒལ་བའི་མཐོང་ཆུང་ཡིན་པས་ངོ་རྒོལ་ཡོད་”ཅེས་དང་། བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ནང་གཞན་གྱི་དེ་འདྲ་ལབ་ཀྱི་འདུག་ཅེས་ལུང་འདྲེན་བྱས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||