རྒྱ་ནག་ཧྲང་ཧེའི་མི་མང་ཁག་ཅིག་གི་ཨ་རིར་འགྲེལ་བརྗོད་དང་ཊོམ་ལ་ངག་འཕྲིན།

ཨ་རིའི་སྲིད་འཛིན་ཊོམ་རྒྱ་ནག་ཏུ་འབྱོར་ལ་ཉེ་བ་དང་བསྟུན། བྷི་བྷི་སི་གསར་ཁང་གིས་རྒྱ་ནག་ཧྲང་ཧེའི་མི་མང་ཁག་ཅིག་ལ་ཨ་རིའི་ཐོག་ལྟ་སྟངས་དང་། ཊོམ་ལ་ག་རེ་བཤད་རྒྱུ་ཡོད་མེད་དྲིས་སྐབས། ལན་འདེབས་སྣ་ཚོགས་པ་ཞིག་བྱས་འདུག

ཟླ་འདིའི་ཕྱི་ཚེས་༨ ཀྱི་ཉིན་གུང་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཨེ་ཤི་ཡའི་རྒྱལ་ཁབ་ལྔའི་ནང་ཕྱོགས་བསྐྱོད་བྱེད་བཞིན་པའི་ཁོངས་ནས། ལྷོ་ཀོ་རི་ཡ་ནས་རྒྱ་ནག་ཏུ་འབྱོར་གྱི་ཡོད་པ་དང་བསྟུན་ཏེ། བྷི་བྷི་སི་གསར་ཁང་གིས་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་གྱི་གནས་སྡོད་ཁྲོམ་དུ་བསྐྱོད་བཞིན་པའི་མང་ཚོགས་ལས། སྐྱེས་པ་དང་༥ དང་བུད་མེད་༤ ལ་ཨ་རི་འགྲེལ་བཤད་རྒྱག་ཐུབ་མཁན་གྱི་ཚིག་གཅིག་དེ་ག་རེ་རེད་ཅེས་དྲིས་པར། རང་དབང་རེད། འགལ་ཟླ་དང་དཀའ་རྙོག་རེད།  མང་གཙོ་རེད། ཨེན་བྷི་ཨེ(NBA) རེད། ཡར་ཐོན་རེད། རླབས་ཆེན་གྱི་རྒྱལ་ཁབ་རེད། སྟོབས་ཤུགས་ཆེན་པོ་རེད། འཆར་སྣང་ལྡན་པའི་རྒྱལ་ཁབ་རེད། འཛམ་གླིང་གི་དཔོན་པོ་རེད་ཅེས་རེ་རེ་བཞིན་ལན་འདེབས་བྱས་ཡོད་འདུག

དེ་བཞིན་རྒྱ་ནག་གིས་ཌོ་ནལ་ཊོམ་ལ་ག་རེ་བཤད་འདོད་ཀྱི་ཡོད་རེད་ཅེས་སྐྱེས་པ་༤ དང་བུད་མེད་༣ ལ་དྲིས་པར།“རྒྱ་ནག་གིས་ཨ་རི་དགྲ་བོར་བརྩི་ཡི་ཡོད་མ་རེད། ང་ཚོ་ཨ་རིའི་གྲོགས་པོ་བྱེད་འདོད་ཡོད། ངས་བསམ་ན་སྟོབས་ཆེན་རྒྱལ་ཁབ་གཉིས་མཉམ་འབྲེལ་གྱིས་འཛམ་གླིང་བཟང་དུ་གཏོང་དགོས་རེད། ཕན་ཚུན་ལ་ཞེ་སྡང་བྱེད་ཉན་མ་རེད།”ཅེས་དང་། “ཨ་རྒྱ་གཉིས་ཀྱི་འབྲེལ་བ་མཁྲེགས་པོ་བྱས་ནས་རྒྱུན་གནས་བྱེད་ཐུབ་ཀྱི་མ་རེད། ཨ་རིས་ཁོ་རང་ཚོའི་བསམ་བློ་རྒྱ་ནག་ལ་བཙན་འགེལ་བྱེད་ཐུབ་ཀྱི་མ་རེད། ” “རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱིས་མིའི་རིགས་ལ་ཕན་པ་སྐྲུན་གྱི་ཡོད་རེད། ཨ་རི་ནི་དེ་ལས་ཐ་དད་པ་རེད། སོ་སོའི་སྤུན་མཆེད་གཞོན་པར་ཐུབ་ཚོད་བྱེད་མཁན་གྱི་ཇོ་ཇོ་ནང་བཞིན་རེད།” “ཨ་རིའི་སྲིད་འཛིན་དང་ཨ་རིའི་མི་མང་གིས་རྒྱ་ནག་གི་སྐོར་ལ་ཤེས་རྟོགས་ཆེ་རུ་གཏོང་དགོས་ཀྱི་འདུག ངས་བསམ་པར་ཁོ་ཚོས་ཤེས་ཀྱི་མེད་པ་འདྲ་པོ་འདུག” “ཌོ་ནལ་ཊོམ་གྱིས་རྒྱ་ནག་དང་། ས་གནས་འདིའི་སྐོར་ལ་ཇི་ཙམ་ཤེས་ཀྱི་ཡོད་མེད་ངས་ཤེས་འདོད་འདུག”

“ཨ་རྒྱ་གཉིས་ཞི་བདེ་ངང་མཉམ་གནས་བྱ་ཐུབ་ན། དེ་ནི་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་བཟང་བ་ཡོད་རེད། དེར་བརྟེན་སྲིད་འཛིན་ཊོམ་ཨོ་ལིབ་ཀྱི་ཡལ་ག་(ཞི་བདེའི་མཚོན་རྟགས་) བསྣམས་ནས་ཡོང་བའི་རེ་བ་ཡོད།” “ཞི་བདེ་དང་མཛའ་མཐུན་ནི་གལ་ཆེ་ཤོས་རེད་ལ། སྲིད་ཇུས་མཉམ་འབྲེལ་ཡོང་ཐབས་ལ་མཚོན་ན་ཕན་ཚུན་འབྲེལ་འདྲིས་ཇེ་མང་བཏང་ནས། ཕྱོགས་གཉིས་ཀ་ཐུན་མོང་གིས་དམིགས་མདུན་གྱི་ཐོག་བསྐྱོད་དགོས་ཀྱི་འདུག”ཅེས་ལན་འདེབས་བྱས་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||