སྔ་འགྱུར་རྙིང་མའི་དབུ་འཛིན་༧སྟག་ལུང་རྩེ་སྤྲུལ་གྱི་སྐུ་གདུང་ཞུགས་འབུལ།

ཕྱི་ལོ་༢༠༡༧ ཟླ་༡༠ ཚེས་༡༩ བོད་ཟླ་༨ ཚེས་༣༠ གཟའ་སྐར་འཕྲོད་སྦྱོར་ཕུན་ཚོགས་ཉིན་གྱི་ཞོགས་པ་དུས་ཚོད་༨/༤༠ ནས་སྔ་འགྱུར་རྙིང་མའི་དབུ་འཛིན་དྲུག་པ་༧སྐྱབས་རྗེ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གྱི་ཆོ་ག་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད།
ཚོགས་མགོན་དུ་སྐྱབས་རྗེ་འབྲུག་ནམ་མཁའི་སྙིང་པོ་རིན་པོ་ཆེ་དབུས། ཏིས་མགོ་མཁྱེན་བརྩེ་ཡང་སྲིད་རིན་པོ་ཆེ། རྣམ་གླིང་མཁན་སྤྲུལ་ཀྱང་ཁང་རིན་པོ་ཆེ། སྨིན་གླིང་མཁན་ཆེན་རིན་པོ་ཆེ་སོགས་སྔ་འགྱུར་བའི་བླ་ཆེན་རྣམ་པ་ཕྱོགས་བཞི་རུ་ཆ་བསྒོས་ཀྱིས། བྱང་གཏེར་འགྲོ་བ་ཀུན་སྒྲོལ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས། གནམ་ཆོས་བདེ་ཆེན་ཞིང་སྒྲུབ། སྨིན་གླིང་རྡོར་སེམས་བཅས་ཀྱིས་ཆོ་གའི་སྒོ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གནང་ཡོད་པ་རེད། དེ་བཞིན་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་སྐུ་ཚབ་མཁན་སྤྲུལ་བླ་སློབ་རྣམ་པ། གཞན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ། དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་སོགས་གཞུང་འབྲེལ་གྱི་སྐུ་ཚབ། མདོ་སྟོད་ཆུ་སྒང་གི་ཚོགས་གཙོ། དབུས་གཙང་ཆོལ་ཁའི་སྐུ་ཚབ། ས་གནས་གཞོོན་ནུ་བུད་མེད་སོགས་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་འཐུས་མི། འབྲེལ་ཡོད་རྒྱ་བལ་འབྲུག་སོགས་ནས་ཕེབས་པའི་དད་ལྡན་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་གྱིས་ཞུགས་འབུལ་གྱིས་ལས་རིམ་རྣམས་དུས་ཚོད་༡༢ ཙམ་ལ་མཇུག་ཡོངས་སུ་གྲོལ་ཡོད་པ་རེད།

ཕྱི་ཚེས་༢༠ ནས་ཉིན་གསུམ་ལ་སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་དབུས་དགེ་འདུན་པས་ཉིན་གསུམ་རིང་བླ་མ་མཆོད་པའི་ཆོ་ག་ནོར་བུའི་འཕྲེང་བ་འཚོགས་རྒྱུ་ཡིན་པ་རེད།

༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནི་བོད་དབུས། ལྷོ་ཁ་ས་ཁུལ་ཡར་འབྲོགས་སྣ་དཀར་རྩེའི་ཕུན་དཀྱིལ་ཞེས་པའི་ཁྱིམ་དུ་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༦ ལོར་སྐུ་འཁྲུངས་ཤིང། རྡོ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ། ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་མཆོག་གིས་རིན་པོ་ཆེ་མཆོག་ལ་སྟག་ལུང་རྩེ་སྤྲུལ་སྐུ་ཕྲེང་གསུམ་པར་ངོས་འཛིན་གནང་བ་དང། དགུང་ལོ་ལྔ་ནས་སྟག་ལུང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་འགོ་བཙུགས། ཡོངས་འཛིན་ཀུན་བཟང་མཆོག་གི་མདུན་ནས་ཡི་གེ་འབྲི་ཀློག་སོགས་དང། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་སྐུ་མདུན་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས་རྗེས་རིམ་བཞིན། དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་པ་སོགས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་སྔ་འགྱུར་རྙིང་མའི་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པ་མ་ཟད། ཁྱད་པར་དུ་ ༢༠༡༢ ནས་བཟུང་རིན་པོ་ཆེ་མཆོག་གིས་རྙིང་མའི་དབུ་འཁྲིད་ཀྱི་མཚན་གནས་བཞེས་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||