ཧོང་ཀོང་ནང་རྒྱ་ནག་གི་དམག་མིའི་སྟོབས་ཤུགས་མངོན་གསལ་དོད་དུ་བཏང་བ།

རྒྱ་ནག་གིས་དབྱིན་ཡུལ་ལས་ཧོང་ཀོང་ཚུར་བླངས་ནས་ལོ་༢༠ ཡི་རྗེས་སུ། ཧོང་ཀོང་ནང་དུ་རྒྱ་ནག་གི་དམག་མིའི་བྱེད་ལས་དང་སྟོབས་ཤུགས་དེ་མངོན་གསལ་དོད་དུ་གཏོང་བཞིན་ཡོད་པ་དང་། དེའི་དགོས་པ་གང་ཡིན་མིན་ཐོག་བསམ་ཚུལ་མི་འདྲ་བ་མང་པོ་ཡོད་འདུག

ཟླ་༦ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་སི་ཨན་ཨན་དུ་གནས་ཚུལ་བཀོད་གསལ། ཧོང་ཀོང་ནང་དུ་ཡོད་པའི་རྒྱ་ནག་མི་མང་བཅིངས་གྲོལ་དམག་གི་སྒྲིག་འཛུགས་དེ་མཚོན་རྟགས་ཙམ་ཞིག་མ་གཏོགས། དམག་མི་རྣམས་དམག་སྒར་ཁག་གི་ནང་དུ་སྡོད་པ་ལས་ཕྱིར་ཐོན་ནས་བྱེད་ལས་མངོན་གསལ་དོད་པོ་བྱེད་པ་དཀོན་པོ་ཡིན་འདུག་ཀྱང་། ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་གསར་ཤོག་གི་སྟེང་དུ། ཧོང་ཀོང་དེ་དབྱིན་ཡུལ་ལས་ཚུར་བླངས་པའི་ལོ་༢༠ ཡི་རྗེས་སུ། དམག་མི་རྣམས་ཀྱིས་ཁུལ་དེར་དམག་སྦྱོང་བྱེད་པ་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་བཞིན་ཡོད་སྐོར་གྱི་རྩོམ་ཡིག་ཅིག་ཐོན་ཡོད་འདུག

རྩོམ་ཡིག་དེའི་ནང་དུ་ཧོང་ཀོང་དུ་ཡོད་པའི་དམག་གི་སྒྲིག་འཛུགས་རྣམས་མཚོན་རྟགས་ཙམ་ཞིག་གི་གནས་སྟངས་དེར་འགྱུར་བ་བཏང་ནས། དམག་འཐབ་ཀྱི་ནུས་པ་དང་སྟོབས་ཤུགས་སྟོན་རྒྱུ། དེ་བཞིན་གནས་སྟངས་གསར་པར་གདོང་ལེན་གང་འདྲ་བྱེད་དགོས་མིན་སོགས་ཀྱི་ཐོག་ལ་སྦྱོང་བརྡར་དང་ཡར་རྒྱས་གཏོང་བཞིན་ཡོད་སྐོར་དང་སྦྲགས། ཧོང་ཀོང་ནང་དུ་ཡོད་པའི་རྒྱ་ནག་མི་མང་བཅིངས་གྲོལ་དམག་མི་༦༠༠༠ ཡོད་པའི་དམག་གི་སྒྲིག་འཛུགས་ནི་ཧོང་ཀོང་སྲུང་སྐྱོབ་བྱེད་པར་གལ་ཆེ་ཤོས་དེ་ཡིན་ཁར། དེ་དག་གིས་ཧོང་ཀོང་མི་མང་ས་ཡ་༧.༣ གྱི་བདེ་འཇགས་ལ་ཉེན་ཁའི་རྒྱུ་རྐྱེན་ཡོད་མེད་ཀྱང་རྟོག་ཞིབ་བྱེད་བཞིན་ཡོད་སྐོར་འཁོད་ཡོད་འདུག

རྩོམ་ཡིག་དེ་ཡང་རྒྱ་ནག་གིས་དམག་གི་གནམ་གྲུ་འཁྱེར་སའི་གྲུ་གཟིངས་ཆེན་པོ་ཞིག ཧོང་ཀོང་དུ་དམག་གི་སྟོབས་ཤུགས་སྟོན་ཆེད་བཏང་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་སྐབས་ཐོན་པ་ཞིག་ཡིན་འདུག

དེ་བཞིན་རྩོམ་ཡིག་དེའི་ནང་མུ་མཐུད་དུ་དམག་མི་རྣམས་ཀྱི་དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཡང་། ཧོང་ཀོང་དེ་ནི་ཤར་ནུབ་གཉིས་ཀྱི་བསམ་ཚུལ་དང་རིན་ཐང་གི་ལྟ་ཕྱོགས་གདོང་ཐུག་བྱུང་ཡུལ་གལ་ཆེ་ཤོས་དེ་ཡིན་པས། དམག་མི་རྣམས་ཀྱིས་ལྟ་ཕྱོགས་དང་འཆལ་སྤྱོད་ལ་ཁ་གཏད་བཅག་ནས། རྒྱལ་ཞེན་དང་སེམས་གཙང་། བློ་འཁེལ་རིན་ཡོད་པ་བྱས་ནས་སྡོད་དགོས་པ་སོགས་ཆབ་སྲིད་ཀྱི་འགན་ཆེན་པོ་ཡོད་སྐོར་འཁོད་ཡོད་འདུག

ཨ་རིའི་ནང་དུ་བདེ་འཇགས་དཔྱད་བརྗོད་པ་ཀྲི་མོ་ཐི་ཧེ་ཐེ་ཡིས། རྒྱ་ནག་གི་བྱེད་ལས་དེས་ཧོང་ཀོང་གྲོང་ཁྱེར་དུ་རྒྱ་ནག་གི་སྟངས་འཛིན་བྱེད་པར་ནུས་པ་ཆེ་རུ་འགྲོ་རྒྱུ་ཡིན་ཁར། དམག་མིས་དེ་དག་གི་ནུས་པ་གོང་འཕེལ་དང་ཆེད་ལས་ཀྱི་རྣམ་པས། ཧོང་ཀོང་མི་མང་ནང་དུ་རྒྱལ་ཞེན་གྱི་ལྟ་བ་ཡོང་ཆེད་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཆགས་ཀྱི་ཡོད་སྐོར་བརྗོད་ཡོད་འདུག
དེ་བཞིན་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་རིག་པ་རྭ་ཀྲེ་ནེར་གྱིས་རྒྱ་ནག་གིས་ཧོང་ཀོང་དེ་རྒྱ་ནག་གི་གྲོང་ཁྱེར་གཞན་དང་གཅིག་མཚུངས་ཤིག་སྒྱུར་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༢༧ ཉིན་བྷི་བྷི་སིའི་བརྒྱུད་ལམ་ཐོག་ཏུ། རྒྱ་ནག་གིས་ཧོང་ཀོང་དབྱིན་ཡུལ་ལས་ཚུར་བླངས་ནས་ལོ་༢༠ སོང་བའི་རྗེས་ཀྱི་དཔྱད་ཞིབ་ཀྱི་གནས་ཚུལ་ཞིག་སྤེལ་འདུག་པ་དང་། དེའི་ནང་ལོ་༢༠ ཡི་སྔོན་དུ་ཧོང་ཀོང་དེ་ནི་རྒྱ་ནག་ནང་གི་ཚོང་ལས་སོགས་ཀྱི་ཡར་རྒྱས་ཆེ་ཤོས་ཅན་གྱི་གྲོང་ཁྱེར་ཞིག་ཡིན་པས། རྒྱ་ནག་གིས་དམིགས་བསལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དེང་གི་ཆར་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཤིན་ཏུ་ཆེན་པོ་རྒྱས་ཡོད་པའི་ཧོང་ཀོང་ལྟ་བུའི་གྲོང་ཁྱེར་མང་པོ་ཡོད་པ་དང་། ཧོང་ཀོང་དེ་དམིགས་བསལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད་ཁར། མང་གཙོའི་ངོ་རྒོལ་གྱི་ལས་འགུལ་ཆེན་པོ་སྤེལ་རྗེས་གྲོང་ཁྱེར་དེ་ཉེན་ཁ་ཞིག་ཏུ་བརྩི་ཡི་ཡོད་པ་དེ་ནི་རྒྱ་ནག་གི་གྲོང་ཁྱེར་གཞན་དང་གཅིག་མཚུངས་སུ་སྟངས་འཛིན་བྱེད་ཐབས་བྱེད་ཀྱི་ཡོད་སྐོར་འཁོད་འདུག

དེ་བཞིན་ལོ་༢༠ ཡི་སྔོན་དུ་རྒྱལ་སྤྱིའི་ནང་ཧོང་ཀོང་དེ་མང་གཙོ་ལ་དགའ་ཞེན་དང་གོམས་འདྲིས་ཡོད་པའི་གྲོང་ཁྱེར་ཞིག་ཡིན་པས། རྒྱ་ནག་ནང་དུ་མང་གཙོའི་བསམ་བློ་སླེབས་ཐུབ་པར་ཚོད་དཔག་བྱས་ཡོད་ཀྱང་། དེའི་གྲུབ་འབྲས་ད་ལྟ་བར་མངོན་གསལ་དོད་པ་མཐོང་རྒྱུ་མེད་ཁར། ཧོང་ཀོང་གི་དམིགས་བསལ་རང་སྐྱོང་གི་དབང་ཚད་དེ་ཡང་ཉེན་ཁའི་གནས་སྟངས་འོག་ཏུ་ལྷག་ཡོད་སྐོར་འཁོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||