ཨ་རིའི་དོན་གཅོད་ཀྱི་ལས་མཚམས་ཟླ་༡༡ ཚེས་༣༠ ལ་འཇོག་དགོས་ཡོད་འདུག

ཟླ་འདིའི་ཚེས་༧ ཉིན་བཀའ་ཤག་གིས་བཀའ་བློན་དངོས་གྲུབ་ཚེ་རིང་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་པའི་གསལ་བསྒྲགས་སྤེལ་བ་དང་། དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་བརྗེ་པོ་རྒྱག་དགོས་པའི་རྒྱུ་མཚན་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་དོན་གཅོད་ལས་ཐོག་སྤེན་པ་ཚེ་རིང་ལ་གནས་འདྲི་བྱས་པའི་ལན་དུ། དོན་གཅོད་སྤེན་པ་ཚེ་རིང་གིས། “ང་ལ་ཕྱག་བྲིས་ཤིག་ཨ་རིའི་ཞོགས་པ་རྒྱ་གར་གྱི་གཟའ་ཟླ་བའི་ཕྱི་དྲོ་ཙམ་ལ་བཏང་འདུག རྒྱུ་མཚན་དམིགས་བསལ་གང་ཡང་བཀོད་མི་འདུག དེ་སྔོན་ཁྱེད་རིང་ལ་ཉེན་བརྡ་མཐའ་མ་ཞིག་གཏོང་དགོས་བྱུང་ཡོད་རེད། ད་ལྟ་བཀའ་ཤག་གིས་དོན་གཅོད་འགྱུར་བ་གཏོང་དགོས་པ་གལ་ཆེན་དུ་གཟིགས་སོང་། ཁྱེད་རང་གིས་ཕྱི་ཟླ་༡༡ ཚེས་༣༠ ནས་ལས་མཚམས་འཇོག་དགོས་རེད་ཅེས་གསུངས་འདུག ང་ཚོས་སོ་སོའི་ལས་གནས་ཐོག་ལས་ཀ་བྱས་བསྡད་ཡོད་རེད། ཅིག་བྱས་ན་དྲང་དྲགས་པ་དང་ཁ་རུ་ཁ་ཐུག་ཆེ་དྲགས་ནས་ནོར་འཁྲུལ་ཤོར་ཡོད་ན་གང་ཤེས། དེ་མིན་སོ་སོས་ལས་ཀ་བྱས་ནས་བསྡད་ཡོད་རེད། རྗེས་ནས་བཀའ་ཤག་གིས་གསལ་བཤད་ཡོང་ན་གནས་ཚུལ་ཁ་གསལ་པོ་ཆགས་ཀྱི་རེད་”ཅེས་གསུངས་འདུག

ཁོང་ལ་དེ་སྔོན་བཀའ་ཤག་ནས་ཉེན་བརྡ་འབྱོར་བའི་སྐོར་གསུང་དོན། “ཕྱི་ཟླ་༧ པའི་ནང་ཉེན་བརྡ་ཞིག་བཏང་འདུག ཉེན་བརྡ་དང་པོ་གཉིས་པ་ང་ལ་འབྱོར་མྱོང་མེད། ཡིན་ན་དེ་ཉེན་བརྡ་མཐའ་མ་ཡིན་གསུངས་འདུག ནམ་རྒྱུན་ཉེན་བརྡ་ཡིན་ན་གསལ་བཤད་བྱེད་རྒྱུའི་གོ་སྐབས་ཡོད་རེད། དེ་འདྲ་གང་ཡང་མི་འདུག དེའི་ནང་སྲིད་སྐྱོང་ལ་བརྩི་ཡི་མི་འདུག བླངས་དོར་སྒྲིག་གཞི་དང་འགལ་གྱི་འདུག་ཅེས་གཙོ་བོ་དེ་རེད་འདུག ངས་ཕྱག་བྲིས་ཤིག་ཕུལ་ཡིན། ངས་སྲིད་སྐྱོང་གི་བཀའ་མ་བརྩིས་པ་གང་ཡང་བྱས་མེད། ཡུལ་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་ཐོག་ནས་རྩིས་ཞིབ་ལས་ཁུངས་ཀྱིས་ཞུ་དགོས་པ་ཡུལ་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་ཐོག་ནས་མ་འོངས་པར་དཀའ་ངལ་མ་འཕྲད་ཆེད་དུ་ཞུས་པ་ལས། སྲིད་སྐྱོང་གི་གསུངས་པ་དེ་མ་ངས་ཞུས་མེད། བླངས་དོར་སྒྲིག་གཞི་དོན་ཚན་ག་རེ་ལ་འགལ་ཡོད་གསུངས་མི་འདུག བླངས་དོར་སྒྲིག་གཞི་དང་འགལ་མེད། བཀའ་བློན་གཞན་པ་ཚོས་གཟིགས་ཡོད་ན་བསམ་ནས། ཡིག་ཆ་དེ་ཚོ་དགོས་ན་ངས་ཕུལ་ཆོག་ཞུས་པ་ཡིན། དེ་ནས་ལན་གང་ཡང་མི་འདུག་”ཅེས་གསུངས་འདུག

གསར་འགོད་པས། ཨ་རིའི་ཁེ་ལི་ཧྥོ་ནི་ཡར་ནང་བསྟན་འཛིན་དོན་ལ་རྙོག་གྲྭ་བྱུང་ནས། དེའི་ཚབ་ལ་བསྐོ་ཡ་རེད་ཟེར་བ་སྤྱི་ཚོགས་ནང་འདུག དེའི་ཐོག་ག་རེ་ཡིན་མིན་དྲིས་པར། ཁོང་གིས། “དེའི་སྐོར་གང་ཡང་ཤེས་ཀྱི་མེད། འབྲེལ་བ་བྱེད་མཁན་མ་བྱུང་ལ། རེ་བ་རྒྱག་གི་མེད་མེད་”ཅེས་གསུངས་འདུག

དོན་གཅོད་སྤེན་པ་ཚེ་རིང་གིས་མུ་མཐུད་གསུང་དོན། “གཙོ་བོ་གནས་ཚུལ་དེའི་རྐྱེན་པས། ང་ལ་ཁ་པར་མང་པོ་འབྱོར་ཡོང་གི། སྤྱི་ཚོགས་ནང་ཕྱོགས་རེས་འདྲ་བྱས་ན་གནས་ཚུལ་དེ་ཆེན་པོ་འདྲ་ཆགས་འདྲ་ཆགས་ནས་ཉེན་ཁ་འདྲ་མཐོང་ཡོང་གི། ཕྱོགས་ཚང་མས་གཟབ་གཟབ་གནང་རོགས། ང་སྒེར་ལ་ཁྱད་པར་མེད་རེེད། ང་ཚོའི་རྩ་དོན་གལ་ཆེན་པོར་བརྩིས་ནས། ཕྱོགས་སུ་ཡིན་ནའང་། སྐད་ཆ་ག་རེ་བཀྲམ་གྱི་ཡོད་ནའང་། སྤྱི་ཚོགས་དུམ་བུར་མི་འགྲོ་རྒྱུར་གཟབ་གཟབ་གནང་རོགས་”ཞེས་གསུངས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

བཀའ་བློན་དངོས་གྲུབ་ཚེ་རིང་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||