ཨ་རིས་རྒྱ་ནག་གི་ཚོང་ལས་ཁང་ཁག་ལ་དཔལ་འབྱོར་ཉེས་ཆད་གཏོང་སྲིད་པ།

ཨ་རིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་དང་རྡུལ་ཕྲན་ལས་འཆར་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་ཚོང་ལས་ཁང་ཁག་ལ། དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུའི་འཆར་གཞི་དེ་མུ་མཐུད་ཉར་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཁང་གི་དྲུང་གཞོན་ལས་ཚབ་

ཟླ་འདིའི་ཚེས་༢༠ ཉིན་ལྷོ་རྒྱ་ནག་རྒྱ་མཚོའི་ཞོགས་ཕྲིན་སྟེང་གནས་ཚུལ་བཀོད་གསལ་ལྟར་ན། བདུན་ཕྲག་འདིའི་ནང་རྒྱལ་ས་ཝ་ཤིན་ཀྲོན་དུ་ཨ་རི་དང་རྒྱ་ནག་གཉིས་བར་བདེ་འཇགས་ཀྱི་ཚོགས་འདུ་འཚོག་རྒྱུ་ཡིན་པ་དང་། ཟླ་འདིའི་ཚེས་༡༩ ཉིན་ཨ་རིའི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་ཁང་གི་དྲུང་གཞོན་ལས་ཚབ་ལྕམ་སུ་སེན་ཐོན་ཊོམ་གྱིས། ཨ་རིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་དང་རྡུལ་ཕྲན་མཚོན་ཆའི་ལས་འཆར་དང་དཔལ་འབྱོར་གྱི་འབྲེལ་བ་ཡོད་མཁན་རྒྱ་ནག་གི་ཚོང་ལས་ཁང་ཚོར། དཔལ་འབྱོར་གྱི་ཉེས་ཆད་གཏོང་སྲིད་སྐོར་བརྗོད་ཡོད་འདུག ཐེངས་འདིའི་ཕྱོགས་གཉིས་བར་གྱི་བདེ་འཇགས་ཚོགས་འདུའི་སྟེང་། བྱང་ཀོ་རི་ཡའི་གནད་དོན་དེ་ནི་གྲོས་གཞི་གལ་ཆེ་ཤོས་ཡིན་པས། བྱང་ཀོ་རི་ཡར་གནོན་ཤུགས་ཆེ་རུ་གཏོང་ཆེད་རྒྱ་ནག་དང་གྲོས་མོལ་བྱ་རྒྱུ་དང་། དེ་བཞིན་ཨ་རིས་རྒྱ་ནག་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་མང་ཙམ་བྱེད་པར་འདོད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

བདུན་ཕྲག་འདིའི་ཕྱོགས་གཉིས་ཀྱི་ཚོགས་འདུ་ནི།  དེ་སྔོན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས། ཨ་རིའི་ནང་དུ་ཐུག་འཕྲད་སྐབས་གཏན་འབེབས་བྱས་པའི་ཕྱོགས་གཉིས་བར་གྱི་ཚོགས་འདུ་བཞི་ལས་དང་པོ་དེ་ཡིན་འདུག

དེ་བཞིན་སྲིད་འཛིན་ཊོམ་གྱིས་རྒྱ་ནག་སྲིད་གཞུང་ལ། རྒྱ་ནག་གི་ཚོང་ལས་ཁང་༡༠ ལྷག་གམ་འབྲེལ་ཡོད་ཀྱི་མི་རྣམས་ཀྱིས། བྱང་ཀོ་རི་ཡ་དང་ཚོང་འབྲེལ་བཀག་ཆེད་དཔལ་འབྱོར་གྱི་ཉེས་ཆད་གཏོང་དགོས་སྐོར་བརྗོད་ཡོད་འདུག

ཨ་རིས་དེ་སྔོན་གལ་ཏེ་རྒྱ་ནག་གིས་བྱང་ཀོ་རི་ཡའི་གནད་དོན་ལ་བརྡ་ལན་དྲག་པོ་སྤྲད་ནས་གནོན་ཤུགས་མ་སྤྲད་ཚེ། ཨ་རིས་རང་འགུལ་གྱིས་བྱ་སྤྱོད་སྤེལ་རྒྱུ་ཡིན་སྐོར་བརྗོད་ཡོད་ལ། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་ལྟ་ཐེངས་ཁ་ཤས་བྱས་སྐབས། ཨ་རིས་དམག་རྒྱག་རྒྱུའི་སྡིགས་ར་སྐུལ་ཡང་། བྱང་ཀོ་རི་ཡས་མུ་མཐུད་ཚོད་ལྟ་བྱས་པས། ཁུལ་དེར་དམག་འཁྲུག་གི་ཉེན་ཁ་ཡོང་སྲིད་པའི་རྣམ་པ་ཆགས་ཀྱང་། ཁ་དམག་མ་གཏོགས་དམག་འཁྲུག་དངོས་སུ་བྱུང་མེད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||